ཀྲུང་གོ་བོད་ཀྱི་དྲ་བ།

བྱང་གྲོལ་གྱི་སྒྱུར་རྩོམ་ཆེད་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྱང་གྲོལ།   སྤེལ་དུས། : 2018-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

36392829.jpg

བྱང་གྲོལ། དངོས་མིང་ལ་ཏིང་འཛིན་རབ་བརྟན་ཟེར་ལ་ལོ་རབས་བརྒྱད་ཅུ་བའི་སྨད་དུ་རེབ་གོང་བྱང་ཆུབ་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་གི་དབུ་བཙུགས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་བཞིན་འགྲིམས་ཏེ་ཉིས་སྟོང་བཅུ་ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ལོ་དེའི་ཟླ་བདུན་པ་ནས་ད་ལྟའི་བར་དུ་ཨ་མདོ་བརྙན་འཕྲིན་དུ་མདོ་འཛིན་པ་དང་རྩོམ་སྒྲིག་པའི་ལས་ཀ་གཉེར། དམའ་འབྲིང་གི་སྐབས་སུ་ཉིན་ཐོ་འབྲི་རྒྱུ་ནི་གོམས་ལོབས་སུ་སོང་བ་དང་བསྟུན་ནས་རྩོམ་རིག་ལ་དགའ་ཞེན་ཁྱད་པར་བ་སྐྱེས་ནས་སྙན་ངག་དང་སྒྲུང་གཏམ་སོགས་མང་པོ་བྲིས་མྱོང་ལ། རེ་འགའ་ཞིག་སྒེར་གཞུང་གི་དུས་དེབ་སྟེང་དུའང་བཀོད་མྱོང་། ཉིས་སྟོང་བཅུ་གསུམ་ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱ་བོད་ཡིག་སྒྱུར་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་ཉི་སྟོང་བཅུ་དྲུག་ལོར་མཐར་ཕྱིན། མཐར་ཕྱིན་དཔྱད་རྩོམ་དུ་༼དམིགས་ཡུལ་གྱི་སྟོབས་ཤུགས༽ཞེས་པའི་དཔེ་དེབ་བོད་སྐད་དུ་སྒྱུར་ནས་ད་ལྟ་པར་དུ་སྐྲུན་མུས་སུ་མཆིས། ལོ་ཙཱ་ནི་ཆེད་ལས་ཡིན་པའི་ངེས་པར་དགོས་ལ། རྩོམ་རིག་ནི་དགའ་ཕྱོགས་ཡིན་པས་ཅིས་ཀྱང་རྒྱུན་སྐྱོང་དགོས། 


༡. རྒྱབ་གཟུགས།

ཝང་གོ་ཀྲིན་གྱིས་བརྩམས། 

 

རྒྱབ་གཟུགས་ནི

ཧ་ཅང་སྟབས་བདེ་ཞིག་ཡིན

སྟབས་བདེ་ནི

ཡུལ་ལྗོངས་ཤིག་ཡིན

རྒྱབ་གཟུགས་ནིནམ་ཡང་ན་གཞོན་པ་ཡིན

ན་གཞོན་པ་ནི

དྭངས་ཤིང་གསལ་བ་ཞིག་ཡིན

རྒྱབ་གཟུགས་ནི

ནམ་རྒྱུན་དོན་འདུས་པ་ཞིག་ཡིན

དེ་ནི་ཡིད་དབང་འཕྲོག་པ་ཞིག་ཡིན

རྒྱབ་གཟུགས་ནི

ནམ་རྒྱུན་ཁེར་རྐྱང་ཡིན

ཁེར་རྐྱང་ནི

སྔར་བས་ཡིད་ལ་འཛིན་བདེ་བོ་ཞིག་ཡིན


༢. ཁྱོད་ནི་ཁྱོད་དོ།

ཝང་གོ་ཀྲིན་གྱིས་བརྩམས། 

གལ་ཏེ་ཁྱོད་ནི་གཙང་བོ་ཞིག་ཡིན་ན

གཞན་གྱིས་ཆུ་ཕྲན་ཞིག་རེད་ཟེར་བར་དོ་སྣང་བྱེད་དོན་ཅི

གལ་ཏེ་ཁྱེད་ནི་རི་གཟར་ཞིག་ཡིན་ན

གཞན་གྱིས་ཐང་བདེ་ཞིག་ཏུ་འདོད་པར་དོ་སྣང་བྱེད་དོན་ཅི

གལ་ཏེ་ཁྱེད་ནི་དཔྱིད་ཀ་ཡིན་ན

མེ་ཏོག་རྐང་གཅིག་གི་འདབ་མ་འཐོར་བར་རྔམ་པ་འཐེན་དོན་ཅི

གལ་ཏེ་ཁྱེད་ནི་ས་བོན་ཡིན་ན

འབྲས་བུ་སྨིན་པར་བྲེལ་དོན་ཅི

གལ་ཏེ་ཁྱེད་རང་ཁྱེད་ཡིན

འཛུལ་དམུལ་ལེར  ལྷོད་ཅག་གེར་བཞུགས་རོགས


༣. ཆིག་ལབ།

ཅཱ་ཙི་ཧའོ་ཡིས་བརྩམས། 


ང་མཚོ་ཆེན་པོར་ཕྱོགས་ནས  ཁྱེད་རང་དྲན་ཞེས་བརྗོད་དུས

མཚོ་ཆེན་པོས་མཇམ་མཉེན་གྱི་རླབས་སྒྲ

ང་ལ་ཨ་ལན་དུ་བྱིན

ང་ནགས་སྟུག་པོར་ཕྱོགས་ནས  ཁྱེད་རང་དྲན་ཞེས་བརྗོད་དུས

ནགས་སྟུག་པོས་སྙན་འཇེབས་ཀྱི་བྱེའུ་སྐད

ང་ལ་ཨ་ལན་དུ་བྱིན

ང་བར་སྣང་ཁམས་ལ་ཕྱོགས་ནས  ཁྱེད་རང་དྲན་ཞེས་བརྗོད་དུས

བར་སྣང་ཁམས་གྱིས་དབེན་འཇགས་ཀྱི་སྐད་སྒྲ

ང་ལ་ཨ་ལན་དུ་བྱིན

ང་གྲོག་རོང་ལ་ཕྱོགས་ནས  ཁྱེད་རང་དྲན་ཞེས་བརྗོད་དུས

གྲོག་རོང་གིས་ཆུ་ཕྲན་གྱི་བཞུར་སྒྲ

ང་ལ་ཨ་ལན་དུ་བྱིན

ངས་ཁྱེད་ལ་དྲན་པ་བརྗོད་དུས

ཁྱེད་ནི་རྡོ་སྐུ་བཞིན

གྲགས་མེད་འགུལ་མེད

གལ་ཏེ་གྲགས་མེད་འགུལ་མེད་ནི་ཁྱེད་ཀྱི་སྐྱོ་སྣང་ཡིན་ན

ངའི་སེམས་པ་རྨས་མཁན་དེ

སྐྱོ་སྣང་འདི་ཡིན་པ་ཁྱེད་ཀྱིས་ཨེ་ཤེས


༤. ས་སྲོད་ཀྱི་ལམ་ཕྲན།

ཝང་གོ་ཀྲིན་གྱིས་བརྩམས། 


ས་སྲོད་ཀྱི་དུས་སུ

ང་ཚོས་རྒྱུན་དུ་གོམ་འགྲོས་ཇེ་དལ་དུ་གཏོང་བ་ཡིན

ལམ་ཕྲན་དེར་ཞུགས་པ་ན

ལམ་ཕྲན་དེ་ཧ་ཅང་རིང་ཞིང་རིང་བས

མགོ་རྩོམ་ས་ལས

མཐའ་མེད་པའི་ཚོད་རེད

ང་ཚོ་འདི་ལྟར་བག་ཕེབས་ཀྱིས་བགྲོད་ཆོག་ས་ཞིག་ཧ་ཅང་ཉུང

འདི་ནི་བདེ་སྐྱིད་ལྡན་པ་ཞིག

སོང་སོང་མཐར

ལམ་ཕྲན་ནི་སྔར་བཞིན་གནས་ཀྱང་

ང་ཚོ་ནི་སྔོན་ཆད་ལྟ་བུ་ཞིག་ག་ལ་ཡིན


༥. གལ་ཏེ་འཚོ་བས་ཁྱེད་ལ་བསླུ་བྲིད་བཏང་ཡོད་ཚེ།

ཕུའུ་ཞིས་ཅིན་གྱིས་བརྩམས། 


གལ་ཏེ་འཚོ་བས་ཁྱེད་ལ་བསླུ་བྲིད་བཏང་ཡོད་ཚེ

ཡིད་སེམས་མ་སྐྱོ་ཞིག  མ་འཚབ་ཅིག

ཡིད་མུག་པའི་ལོ་ཟླའི་ཁྲོད་དུ་ལྷོད་ལ་འབབ་དགོས

དགའ་སྐྱིད་ཀྱི་ཉི་མ་འཆར་བར་ཡིད་ཆེས་མཛད་རོགས

སེམས་པ་ནམ་ཡང་མ་འོངས་པར་ཕྱོགས་ཡོད་ཀྱང

ད་ལྟ་ནི་ཏག་ཏག་ཡིད་སྐྱོ་བའི་སྐབས་ཤིག

ཡོད་ཚད་སྐད་ཅིག་ཙམ་ཡིན་པས  འདས་པའི་དུས་ཤིག་ཡོད་དེ

འདས་ཟིན་པ་དེ་དག་ནི་སྙིང་ཉེ་བའི་སེམས་འཕྲེང་ས་ཡིན་ངེས


༦. མཚོ་ཆེན་པོར་ཕྱོགས་ཤིང་དཔྱིད་ཀྱི་དཔལ་ཡོན་མཐོང་བ།

ཧེ་ཙིས་བརྩམས། 


སང་ཉིན་ནས་བཟུང་   བདེ་སྐྱིད་ལྡན་པ་ཞིག་བྱེད་རྒྱུ་ཡིན

རྟ་ལ་ཆས་སྟེར་བ  བུད་ཤིང་གཏུབ་པ  རྒྱལ་ཁམས་འགྲིམས་རྒྱུ་ཡིན

སང་ཉིན་ནས་བཟུང  བཟའ་ཆས་དང་སྔོ་ཚོད་ལ་སེམས་ཁུར་བྱེད་རྒྱུ་ཡིན

ང་ལ་ཁང་བ་ཞིག་ཡོད་པ་མཚོ་ཆེན་པོར་ཕྱོགས་ཤིང་དཔྱིད་ཀྱི་དཔལ་ཡོན་མཐོང་ཐུབ


སང་ཉིན་ནས་བཟུང་  ཀུན་ལ་འབྲེལ་བ་བཙུགས་ཏེ

ངའི་བདེ་སྐྱིད་ཁོ་ཚོར་བརྗོད་རྒྱུ་ཡིན

བདེ་སྐྱིད་ཀྱི་འཁྱུག་འགྲོས་ཀྱིས་ང་ལ་བཤད་པ་དག

ངས་ཀུན་ལ་བརྗོད་རྒྱུ་ཡིན


ངས་གཙང་བོ་དང་རི་བོ་རེ་རེ་དྲོད་ཁོལ་ལྡན་པའི་མིང་རེ་བཏགས་ཏེ

མི་འདྲིས་མེད་ཅིག་ཡིན་ཡང  ངས་སྨོན་འདུན་ཞུ་ངེས

ཁྱེད་ལ་འོད་སྟོང་འབར་བའི་མདུན་ལམ་ཞིག་ལྡན་པར་སྨོན

ཁྱེད་རང་བརྩེ་བའི་མི་དང་མཐུན་པར་སྨོན

ཁྱེད་ཀྱི་འཁོར་བར་བདེ་སྐྱིད་ལྡན་པར་སྨོན

ང་ནི་མཚོ་ཆེན་པོར་ཕྱོགས་ནས་དཔྱིད་ཀྱི་དཔལ་ཡོན་ལ་རོལ་འདོད


༧. ཀྱེ། གྲུ་དཔོན། ང་ཡི་གྲུ་དཔོན་ལགས།

ཨོ་ཨར་ཐི.ཧེ་ཐིག་མན།


ཀྱེ གྲུ་དཔོན  ང་ཡི་གྲུ་དཔོན་ལགས

ང་ཚོའི་ཡ་ང་བའི་འགྲུལ་ལམ་མཇུག་གྲིལ་བ་རེད

ང་ཚོའི་གྲུ་གཟིངས་འགག་སྒོ་རེ་རེ་ནས་བརྒལ་ཏེ

ང་ཚོས་འཚོལ་བཞིན་པའི་བྱ་དགའི་ཟོང་དེ་ལག་ཏུ་འཐོབ་ཡོད

གྲུ་ཁ་ནི་མིག་མདུན་དུ་ཡོད་ཅིང  ངས་ཅོང་བརྡ་ཡང་གོ་ཡོང་

མི་རྣམས་ཀྱིས་དགའ་སྐྱིད་ཀྱི་འབོད་སྐད་སྒྲོག་ཅིང

ང་ཚོའི་གྲུ་གཟིངས་བདེ་ལེགས་ངང་ཕྱིར་ལོག་པར་བལྟས་འདུག

དེ་ནི་ཇི་འདྲའི་བརྗིད་ཉམས་ལྡན་པ་ཞིག་རེད་ཨང

འོན་ཀྱང  སེམས་ཡ  སེམས ཡིད་སེམས་ནི

འོ དམར་ལྷོག་ལྷོག་གི་ཁྲག་ཐིག་ཟགས་ཀྱིན་འདུག

གྲུ་གཅལ་གྱི་སྟེང་དུ་ང་ཡི་གྲུ་དཔོན་ཉལ་ཡོད

ཁོ་རང་འགྱེལ་ཟིན དབུགས་རྔུབ་མཚམས་བཞག་ནས་དྲོད་ཀྱང་ཡལ་འདུག


ཀྱེ གྲུ་དཔོན ང་ཡི་གྲུ་དཔོན་ལགས

ཡར་བཞེངས་རོགས  ཅོང་སྒྲ་ལ་ཉོན་དང

ཡར་བཞེངས་རོགས  དར་ཆ་སྣ་མང་ཁྱེད་ཀྱི་ཆེད་དུ་གཡོ་ཞིང

དུང་བརྡ་ཡང་ཁྱེད་ཀྱི་ཆེད་དུ་སྒྲོག་གིན་འདུག

ཁྱེད་ཀྱི་ཆེད་དུ  མཚོ་འགྲམ་དུ་མི་ཚོགས་ཀྱིས་བཀང་ཞིང

ཁྱེད་ཀྱི་ཆེད་དུ འཚང་ཁར་གནས་པའི་མི་ཚོགས་ཀྱིས་སྐད་འབོད་བྱེད་ཀྱིན

རེ་བའི་ཁེངས་པའི་ངོ་གདོང་དག་ཁྱེད་ལ་ཕྱོགས་འདུག

གནས་འདི་རུ་  གྲུ་དཔོན  སྙིང་ཉེ་བའི་ང་ཡི་ཡབ་ཆེན

ཁྱེད་ཀྱི་མགོ་བོ་ང་ཡི་དཔུང་བར་བསྙེས་ཡོད

འདི་ནི་གྲུ་གཅལ་སྟེང་གི་རྨི་ལམ་ཞིག་ཡིན་ཏེ

ཁྱེད་རང་འགྱེལ་ཟིན་ལ དབུགས་རྔུབ་མཚམས་བཞག་ནས་དྲོད་ཀྱང་ཡལ་འདུག


ང་ཚོའི་གྲུ་དཔོན་ལ་ཨ་ལན་མི་འདུག

ཁོང་གི་མཆུ་སྒྲོས་སྐྱ་མདོག་དང་མཁྲེགས་པོར་གྱུར་འདུག

ང་ཡི་ཡབ་ཆེན་གྱིས་ངའི་དཔུང་དྲོད་ཚོར་གྱིན་མི་འདུག་སྟེ

ཁོང་གི་སྙིང་ལྡིང་མཚམས་བཞག་ནས་ཚེ་སྲོག་ལ་གྱེས་བརྡ་བཏང་ཟིན

གྲུ་གཟིངས་ཀྱི་གཏིང་རྡོ་བྱིངས་ཤིང འགྲུལ་ལམ་ལེགས་འགྲུབ་ལ་ཁྱབ་བསྒྲགས་མཛད་དེ

རྒྱལ་ཁའི་གྲུ་གཟིངས་ཉེན་ཁའི་འགྲུལ་ལམ་ལས་ཕྱིར་ལོག་ལ

ང་ཚོས་འཚོལ་བཞིན་པ་དག་ཀྱང་ལག་མཐུལ་དུ་ཡོད

དགའ་འབོད་གྱིས་དང་   མཚོ་འགྲམ་གྱི་མི་དག  ད་དུང་ལྡིར་སྒྲ  ཅོང་སྒྲ

འོན་ཀྱང  ང་ཡི་གོམ་འགྲོས་ཀྱིས་སྐྱོ་སྣང་རུམ་གང་རུམ་ཡོད

གྲུ་གཅལ་སྟེང་དུ་ང་ཡི་གྲུ་དཔོན་ཉལ་ཡོད

ཁོ་འགྱེལ་ཟིན་ལ དབུགས་རྔུབ་མཚམས་བཞག་ནས་དྲོད་ཀྱང་ཡལ་འདུག


༨. ལང་ཚོ།  དང་པོ།

ཞིས་མའོ་རོང་གིས་བརྩམས།


མཇུག་འབྲས་ཡོད་ཚད་བྲིས་ཟིན་ལ

མིག་ཆུ་མཐའ་དག་ཀྱང་མིག་མཐར་འཁྱིལ

ཡིན་ཡང  འགོ་རྩོམ་ཚུལ་ཇི་འདྲ་ཞིག་ཡིན་པ་བརྗེད་སོང

རྙིང་ཞིང་ཕྱིར་ཡོང་མེད་པའི་དབྱར་དུས་ཀྱི་ཉི་མ་དེ


ངས་འཚོལ་ཞིབ་ཇི་ལྟར་བྱས་ཀྱང་

ན་གཞོན་པའི་ཁྱེད་རང་སྤྲིན་གཟུགས་བཞིན་རྒྱུ་མྱོང་ལ

འཛུམ་གྱིས་ཕྱུག་པའི་ཁྱེད་ཀྱི་ཞལ་རས་གསལ་ལ་མི་གསལ་བ་དེ

རིམ་བཞིན་ཉི་ནུབ་རྗེས་ཀྱི་སྨུག་པར་འཐིམ


སེར་པོར་གྱུར་པའི་མདུན་ཤོག་དེ་སློག་དུས

ལས་དབང་གིས་དེ་ནི་ཧ་ཅང་སྐྱུག་བྲོ་བོ་ཞིག་ཏུ་བཙེམ་འདུག

མིག་ཆུ་ལྷུང་བཞིན་ངས་ཡང་ནས་བསྐྱར་དུ་ཀློག་དུས

ལང་ཚོ་ནི་ཁ་དོག་ཡལ་བའི་དཔེ་དེབ་ཅིག་ཡིན་པ

ཁས་མི་ལེན་ཀ་མེད་རེད


ལང་ཚོ། གཉིས་པ།

རང་ལོ་ཞེ་ལྔའི་དགོང་མོ་དེར

གློ་བུར་དུ་མོའི་གཞོན་དུས་ཀྱི་མིག་ཟུང་དེ་དྲན་བྱུང

མོ་རང་ལོ་ན་བཅུ་དྲུག་སྐབས་ཀྱི་དབྱར་དུས་དེ་དྲན་བྱུང་

དེའུ་འབུར་སྟེང་ནས་དལ་བུར་ཁོའི་ཕྱོགས་སུ་འོང

ནགས་ཚལ་ཕྱི་རོལ་གྱི་ཉི་འོད་ནི་མིག་ལ་འཚེར་ཞིང

མོའི་གྱོན་པ་ནི་དེ་འདྲའི་དཀར་ཅིང་གཙང་བ་ཞིག


གང་སར་ཇ་སྡོང་གིས་ཁྱབ་པའི་རི་འབུར་དེ་དྲན་ལ

སྤྲིན་དཀར་གྱིས་ཁེབས་པའི་བར་སྣང

ད་དུང་རྣ་བ་འགེངས་བར་བྱེད་པའི་ཆ་ག་བའི་ཅག་སྒྲ་དག

ཧ་ཅང་ལྷིང་ཞིང་འཇགས་པའི་ནགས་ཚལ་ཁྲོད་དུ་ཡོད


༩. ལང་ཚོ།

ཝེ་ཐི་སིན.ཨ་ལེ་ཁི་སང་ཏི་ལེ་ཡིས་བརྩམས།


ལྷོད་ཅིང་བབས་ཆགས་པའི་ཁྱོད་འོང་ཡང་ཕྱིར་ལོག

ལམ་ཁ་ཞིག་ནས་ལམ་ཁ་གཞན་ཞིག་ལ

ཁྱོད་མིག་ལམ་དུ་མངོན་རྗེས

ཡང་བསྐྱར་མི་མངོན་པར་གྱུར

ཟམ་སྣེ་ཞིག་ནས་ཟམ་སྣེ་གཞན་ཞིག་ལ

གོམ་ཁ་ལྕི་ཞིང་བྲེལ་འཚུབ་ཆེ་བས

དགའ་བདེའི་འོད་སྣང་མག་མོག་ཏུ་གྱུར


གཞོན་ནུ་ང་ཡིན་ཀྱང་སྲིད

ལང་ཚོའི་གཙང་བོ་ཞིག་བཞུར་བར་རེ་སྟེ

ཁྱོད་ཀྱི་འགྲོ་འདུག མེ་ལོང་ལྟ་བུའི་ཆུ་ངོས་སུ

བཞུར་ཅིང་ཡལ


༡༠. ཚེ་སྲོག་ལ་དགའ་ཞེན།

ཝང་གོ་ཀྲིན་གྱིས་བརྩམས།


ངས་ལེགས་འགྲུབ་བྱུང་མིན་དེ་བསམ་མི་འདོད་པར

རྒྱང་རིང་དེ་གདམས་ཟིན་ཚེ

ཆར་རླུང་དང་འགྲོགགས་རྒྱུར་གྲ་སྒྲིག་བྱས་ཡོད


ངས་བརྩེ་དུང་འཐོབ་མིན་དེ་བསམ་མི་འདོད་པར

མེ་ཏོག་རྒྱ་སེ་ལ་དུངས་ཚེ

སྙིང་སྟོབས་ཡོད་པའི་སྒོ་ནས་ལྷག་བསམ་བསྟན་ཡོད


ངས་རྒྱབ་ཕྱོགས་སུ་དྲག་རླུང་དང་དྲག་ཆར་གྱི་འཇབ་རྒོལ་བྱེད་མིན་དེ་བསམ་མི་འདོད་པར

དམིགས་འབེན་ནི་ངོས་སྙོམས་ཐིག་ཡིན་ཚེ

འཇིག་རྟེན་དུ་བསྐྱུར་བའང་རྒྱབ་གཟུགས་ཁོ་ན་ལས་ཅི


ངས་མ་འོངས་པ་བདེ་སྙོམས་དང་འདམ་རྫབ་གང་ཡིན་དེ་བསམ་མི་འདོད་པར

ཚེ་སྲོག་ལ་དགའ་ཞེན་ཡོད་ཚེ

ཡོད་ཚད  རང་བློར་གནས་པ་ཡིན


༡༡. མི་ནར་སོན་རྒྱུ་མེད་ན་སྐྱིད་པ་ལ།

ཝང་གོ་ཀྲིན་གྱིས་བརྩམས།


མི་ནར་སོན་རྒྱུ་མེད་ན་སྐྱིད་པ་ལ

ལྕགས་ཀྱུར་བརྟེན་ནས

ཟླ་བ་བཟུང་ཆོག

ས་ནས་སྐར་མ་རྩིས་ཆོག

ལྭ་བ་གཡས་སུ་བསྐྱུར་ནས

མཚོ་ཆེན་པོ་བརྒལ་ཆོག


མི་ནར་སོན་རྒྱུ་མེད་ན་སྐྱིད་པ་ལ

ཇ་ཡི་ཞིམ་མངར་ལྟ་བུའི་གྲོགས་པོ་ཞིག་ཡོད་ཀྱང

ཆང་གི་རོ་མངར་ལྟ་བུའི་དགའ་མ་ཞིག་ཡོད་ཀྱང

རླབས་ཆེ་བའི་ལས་དོན་ཆེན་པོ་ཞིག་ཡོད་ཀྱང་

ནར་སོན་པའི་ཚེ་ན  དཀའ་སྡུག་ནི་བདེ་སྐྱིད་ལས་མང


༡༢. རྒྱང་རིང་གི་དྲན་པ།

ཝང་གོ་ཀྲིན་གྱིས་བརྩམས། 


དགུང་སྔོན་གནམ་ལ་བལྟས་ན་སྤྲུན་དཀར་རྒྱུ་ཞིང

དོག་མོ་ས་ལ་བལྟས་ན་ཆུ་ཕྲན་ཀྱ་ཀྱུར་འབབ

སྙིང་གི་གཏམ་འདི་སུ་ལ་འཆད་ཨང

ནམ་ཚོད་དུ  རྒྱང་རིང་གི་མི་དེ་ཕྱིར་ལོག་གམ


དབྱར་དཔྱིད་ཀྱི་མེ་ཏོག་འཐུས་ཤིང

སྟོན་དགུན་གྱི་གྲང་རེག་བརྒྱུད་ཀྱང

སེམས་ཀྱི་དོན་དེ་སུ་ཞིག་གིས་རྟོགས་ཨང

ནམ་ཚོད་དུ    རྒྱང་རིང་གི་མི་དང་ལྷན་དུ་འཛོམས་སམ


ནམ་ཚོད་ཅིག་ལ་ཕྱིར་ལོག་ཅིང་ལྷན་དུ་འཛོམས་ནས

ནུབ་རིའི་སྟེང་གི་མེ་ཏོག་འཐུའམ


༡༣. ངས་ཁ་དོག་ཁྱེར་ནས་ཡོང་གིན་ཡོད།

ཝང་གོ་ཀྲིན་གྱིས་བརྩམས། 


ང་རང་འདི་གར་ཡོང་དུས་སུ

འདི་རུ་ཡུལ་ལྗོངས་ཤིག་ཇེ་མང་དུ་ཕྱིན་ཡོད


ངས་མཐིང་མདོག་ཁྱེར་ནས

མཚོ་ཕྱོགས་སུ་བསྐྱོད་པ་མ་ཡིན

མཐིང་མདོག་ནི

རྒྱ་མཚོའི་ཡུལ་ལྗོངས་ཤིག་ཏུ་འགྱུར་མི་སྲིད


ངས་ལྗང་མདོག་ཁྱེར་ནས

སྤང་དུ་བསྐྱོད་པ་མིན

ལྗང་མདོག་ནི

སྤང་གི་ཡུལ་ལྗོངས་ཤིག་ཏུ་འགྱུར་མི་སྲིད


ངས་དམར་མདོག་ཁྱེར་ནས

རྒྱ་མེན་མེ་ཏོག་བཞད་སར་བསྐྱོད་པ་མིན

དམར་མདོག་ནི

རྒྱ་མེན་མེ་ཏོག་བཞད་ས་དེའི་ཡུལ་ལྗོངས་ཤིག་ཏུ་འགྱུར་མི་སྲིད


ངས་ཁ་དོག་ཁྱེར་ནས་ཡོང་ཡོད

དེ་ནི་དྭངས་ཤིང་གསལ་བ་ཞིག་ཡིན


༡༤. འདོད།

ཝང་གོ་ཀྲིན་གྱིས་བརྩམས། 


ང་ནི་ཁྱེད་ཀྱིས་ཁ་མ་ཕྱེས་པའི་དཔེ་དེབ་དེ་ཡིན་ན་འདོད

ཁ་ཕྱེས་པའི་ཚེ་ན་བསྐྱུར་མི་འདོད་པ་དེ


ང་ནི་ཁྱེད་ཀྱིས་མཐོང་མ་མྱོང་བའི་ཡུལ་ལྗོངས་དེ་ཡིན་ན་འདོད

མཐོང་བའི་ཚེ་ན་ཁ་བྲལ་མི་འདོད་པ་དེ


ང་ནི་ཁྱེད་ཀྱིས་ཉན་མ་མྱོང་བའི་རོལ་དབྱངས་དེ་ཡིན་ན་འདོད

ཉན་པའི་ཚེ་ན་ད་རུང་ཉན་འདོད་པ་དེ


ང་ནི་མཚར་དུ་དངར་བའི་རྨི་ལམ་གྱི་ཞིང་ཁམས་དེ་ཡིན་ན་འདོད

ཁྱེད་རང་ནམ་ཡང་སད་མི་འདོད་པའི་རྨི་ལམ་དེ


༡༥. སེམས་ཁོང་གི་རྒྱ་སེའི་མེ་ཏོག

ཝང་གོ་ཀྲིན་གྱིས་བརྩམས། 


ཁྱེད་རང་འཚོལ་སླད་དུ

ངའི་ལུས་སེམས་རྨ་ཁས་བཀང་འདུག

ལང་ཚོའི་ནགས་ཚལ་ནི་ཇི་འདྲའི་སྟུག་པ་ལ

ཁྱེད་ཀྱི་སྐད་སྒྲ་ནི་ཇི་འདྲའི་ཉམས་ཆུང་བ་ལ


མིག་མདངས་ནི་རེ་བས་ཁེངས་ཀྱང

ཡིད་སེམས་ཨ་ཐང་ཆད

མཚམས་བཞག་ནས་ངལ་རེ་གསོ་འདོད་ཀྱང

ལོ་ཟླ་ནི་ཆུ་བོའི་རྒྱུན་དང་འདྲ


སྐར་ཚོགས་ནི་དགོང་མ་རེ་རེར་འཆར་ཞིང

བྱ་ཚོགས་ཀྱང་འགྱུར་ལྡོག་ཆེ་དུས་ལོག་ཡོང

ཡིན་ཡང

ཁྱེད་ལ་སྒུག་པའམ ཁྱེད་རང་འཚོལ་དགོས་པ་ངས་མ་ཤེས

སེམས་ཁོང་གི་རྒྱ་སེའི་མེ་ཏོག


༡༦. གདམ་ཀ

ཝང་གོ་ཀྲིན་གྱིས་བརྩམས། 


ཁྱེད་རང་ལམ་ཁ་དེ་བརྒྱུད་ནས

ཡུན་རིང་ཡུན་རིང་ཞིག་འགོར་ཡང

སྔར་བཞིན་ཡུལ་ལྗོངས་དེ་མ་མཐོང

ཡུལ་ལྗོངས་དེ་མ་མཐོང་བས

ཁྱེད་ཀྱི་སེམས་ཧ་ཅང་སྐྱོ་ཞིང་འཚབ


རླུང་གཡོར་མེད་པའི་གྲུ་གཟིངས་ནི

འཆི་བ་ལས་ཀྱང་སྡུག་ལ

ཕྱོགས་སྟོན་མེད་པའི་རླུང་གཡོར་ནི

ཕྱོགས་བཞིར་འཁྱམ་པ་ལས་ཐབས་ཅི

གལ་ཏེ་ཁྱེད་རང་ཉ་མོ་ཞིག་ཡིན་ན  བར་སྣང་ལ་མ་ཆགས་ཤིག

གལ་ཏེ་ཁྱེད་རང་བྱེའུ་ཞིག་ཡིན་ན  རྒྱ་མཚོ་ལ་མ་ཞེན་ཞིག


༡༧. དུས་ཚིགས་ཤིག་གི་འགྱུར་བ།

ཝང་གོ་ཀྲིན་གྱིས་བརྩམས།


ཁྱེད་ནི་དབྱར་གྱི་སྦྲང་ཆར་བཞིན་ཟམ་ཟིམ་བབས་ཏེ

ངའི་སེམས་ཁོང་དུ་ཆུ་རིས་འཕྱུར་ཅིང་ཟེགས་མ་འཐོར

གནམ་དྭངས་པའི་ཚེ་ན་ཆུ་ངོས་ནི་མེ་ལོང་བཞིན་སྙོམས་ཤིང་འཇམ

ངའི་སེམས་སུ་ཞེན་པ་ག་ཚོད་ཅིག་བསྣན་ཡོད་པ་སུ་ཞིག་གིས་རྟོགས་ཨང


ཁྱེད་ནི་སྟོན་གྱི་བསིལ་རླུང་བཞིན་ལྷོད་ཀྱིས་གཡུགས་ཏེ

ངའི་སེམས་དོན་མཐའ་དག་སེང་རས་རླུང་གིས་འཁུར་དང་འདྲ

རླུང་གཡུགས་པའི་དུས་སུ་རླུང་ནི་བྲིས་རིས་ཤིག་དང་འདྲ་བས

ཡལ་གའི་སྟེང་གི་མེ་ཏོག་ཁོ་ན་རེ་རེ་བཞིན་འཐོར་འགོ་བརྩམས


ཁྱེད་ནི་དབྱར་གྱི་སྦྲང་ཆར་བསིལ་མ་བཞིན

ཁྱེད་ནི་སྟོན་གྱི་བསིལ་རླུང་འཇམ་པོ་བཞིན

ཁྱེད་ནི་དུས་ཚིགས་གང་ཞིག་ཏུ་བཞད་ཀྱང

ང་ཚོར་སྐྱེལ་ཡོང་བ་ནི་དུས་ཚིགས་ཤིག་གི་འགྱུར་ལྡོག་རེད


༡༨. ཤོག་གྲུ     ཡུམ་ཆེན་ལ་བསྐུར་བ།

པིན་ཞིན་གྱིས་བརྩམས།


ངས་ནམ་ཡང་ཤོག་ཐར་གཅིག་ཀྱང་དོན་མེད་དུ་མི་འདོར

ནམ་ཡང་གསོག་ཉར་བྱས་པ་ཡིན  གསོག་ཉར་བྱས་པ་ཡིན

དེ་དག་ཤོག་གྲུ་ཆུང་ཆུང་དག་ཏུ་ལྟེབས་རྗེས

གཟིངས་སྟེང་ནས་མཚོ་ལ་བསྐྱུར་བ་ཡིན


ལ་ཤས་ཤིག་རླུང་གིས་དེད་ནས་གྲུ་གཟིངས་ཀྱི་སྒེའུ་ཁུང་ནང་དུ་ཐོན་ཞིང་

ལ་ཤས་ཤིག་མཚོ་རླབས་ཀྱིས་བརླན་པར་བྱས་ཏེ་གྲུ་གཟིངས་ཀྱི་སྣེ་ལ་འབྱར་འདུག

ང་ལ་སྔར་བཞིན་ཕམ་སེམས་མེད་པར་ཉིན་རྒྱུན་ཤོག་གྲུ་ལྟེབས་པ་ཡིན

ནམ་ཡང་ཤོག་གྲུ་གཅིག་ངས་བསྐྱལ་འདོད་ས་དེར་སླེབས་ན་སྙམ་འོང


ཡུམ་ཆེན་ལགས། ཁྱེད་ཀྱིས་རྨི་ལམ་དུ་ཤོག་གྲུ་དཀར་པོ་ཞིག་མཐོང་ན

དེ་ནི་དོན་མེད་དུ་ཁྱེད་ཀྱི་རྨི་ལམ་དུ་འཛུལ་བར་མ་མཚར་ཅིག

དེ་ནི་ཁྱེད་རང་དགའ་སའི་བུ་མོས་མིག་ཆུ་དང་ལྷན་དུ་ལྟེབས་པ་ཡིན

རི་ཆུ་སྟོང་ཕྲག་བརྒལ་ནས  ངའི་བརྩེ་བ་དང་སྐྱོ་ནང་བཅུག་ནས་ཕྱིར་ལ་ལོག་པར་ཞུས་ཡོད།


༡༩.ཁ་བའི་འཛུམ་མདངས། 

ཀུའུ་ཁྲིན་གྱིས་བརྩམས། 


༡ ཁ་བའི་ས་གཞི

དག་གཙང་གི་ས་གཞི

ལྷིང་ཞིང་འཇགས་ལ་བདེ་སྐྱིད་ལ་ཕྱོགས་པའི་ས་གཞི

ཁ་དོག་གི་རླབས་ངོས་སུ་འདར་གྱིན་པའི་ས་གཞིས

དབུགས་རྔུབ་མཚམས་བཞག


༢ གཙང་བོས་ང་ཡི་འཚོལ་ཞིབ་མཇུག་བསྡུས་ཤིང

བྱེ་འདམ་དང་འཁྱག་དར་གྱི་རིམ་པའི་བར་དུ

དལ་བུར་བཞུར་གྱིན་པའི་མིག་ཆུ་ནི

སྙན་འཇེབས་ཀྱི་གཞས་ཤིག

ཆེས་ལྷད་མ་ཞུགས་པའི་ཕྲག་དོག་ཅིག

ང་ནི་ཁུར་མོང་བཞིན་ཆུ་ངོགས་སུ་ཁྱབ་ཅིང

ཁང་དམར་ཀླད་དུ་ཧྲིག་གེར་ཅེར


༣ རྐྱེན་ཅི་ཡིན་མི་ཤེས་ཀྱང

ངས་རྨི་ལམ་ཞིག་དྲན་འོང

སྐྱ་ཡ་འདས་པའི་ཐིང་རིལ་ཞིག་དྲན་འོང

རླབས་ཀྱིས་བྱེ་འགྲམ་དུ་དེད་དེ

ཆེས་མཐའ་མར་རེ་ལྟོས་བྱ་སའི་གླིང་ཕྲན་དུ་སྐྱེལ

འོད་ལམ་ལམ་དུ་འཚེར་བའི་བྱ་སྤུས

ཉ་ཕྲུག་མང་པོ་དབང་མེད་དུ་བཀུག


༤ ས་ཆེན་པོར་དབང་བའི་མི་རྣམས

བར་སྣང་ལ་ཅེར་ནས

ཉི་མར་ཡིད་ཆེས་ཤིང

ཉི་མས་བཞག་པའི་ཁ་དོག་ལ་ཡིད་ཆེས་ལ

དུར་སའི་སྟེང་དུ་འཚེར་བའི་སྐར་ཚོགས་ལ་ཡིད་ཆེས

བརྟན་བརླིང་གི་རྗེས་དྲན་དུ་འགྲེངས་པའི་ཟམ་པའི་ཀ་བ་རེ་རེ་ནི

མི་ཉམས་ཡུན་གནས་སུ་ཕྱོགས


༥ ང་ནི་མི་དཀྱིས་མ་ཞིག་ཡིན

ང་ནི་ཁྱམས་རར་འགྲེངས་ནས

འཇིག་རྟེན་ལ་བལྟ

ང་རང་མདུན་དུ་གོམ་གང་ཡང་སྤོ་མི་རུང་སྟེ

ཁེར་རྐྱང་ལ་ཐར་བ་བསྩོལ་དགོས

འདི་ལྟ་བུའི་སེམས་ཀྱང་

ཁྲོམ་ར་རུ་འཁོར་རྒྱུགས་བྱེད་མི་ཐུབ


༦ དག་གཙང་གི་རྒྱལ་ཁོངས  ཡིད་རྟོན

དཔྱིད་ཀྱི་མཚན་མོར་འདྲེས

སྔོན་བརྡ་ཅི་ཡང་མེད་པར

མེ་ཏོག་ལྷུག་གེར་བཞད་ཅིང

ནགས་ཚལ་གྱིས་རི་ཚོགས་བདག་གིར་བཟུང


ཕྱི་གསལ་ནང་གསལ་གྱི་གཤོག་པ་དེ

ངས་བྱིས་སྒྲུང་ཞིག་ལས་གར་སོང་ཆ་མེད་དུ་གྱུར


༢༠. ངས་འཕྲིན་ཡིག་འབྲི་མི་འོས་ཀྱང་སྲིད།

ཀུའུ་ཁྲིན་གྱིས་བརྩམས།


ངས་འཕྲིན་ཡིག་འབྲི་མི་འོས་ཀྱང་སྲིད

ངས་མིག་ཟུང་ལ་བརྟེན་ནས་སྐད་ཆ་བཤད་མི་འོས

རྙོག་འཛིང་གི་འཚོ་བས

ང་རང་བྲག་རྡོའི་སྟེང་དུ་བསྡམས

གཉིད་ལམ་གྱི་སྐོམ་གདུང་བསྲན་ཏེ

འདོད་ཚོང་གིས་གཏམ་པའི་སྐད་སྒྲ་དག

ལུས་སྟེང་དུ་འདུར་བ་བསྲན་ཏེ

ང་ལ་འཇིག་རྟེན་གྱིས་བརྡར་ཐག་བཅད


ང་ལ་འཇིག་རྟེན་གྱིས་བརྡར་ཐག་གཅོད་པ་ལས

འཇིག་རྟེན་ལ་ནམ་ཡང་བརྡར་ཅག་བཅད་མ་མྱོང

ངས་ཧུར་བརྩོན་བྱས་ཚུལ་ནི

འཆིང་ཐག་ཇེ་དོམ་དུ་གཏོང་བ་དང་འདྲ

ངས་འཕྲིན་ཡིག་འབྲི་མི་འོས་ཏེ

འབྲི་མི་འོས   ཁྱེད་ཀྱིས་དེ་མ་ཀློག་རོགས

དེ་ནི་མཚན་ལམ་རིང་མོ་སླེབས་རག་ཏུ

མེ་དཔུང་དུ་འཇུག་རོགས


༢༡. ང་ལ་རེ་འདུན་ཞིག་ཡོད།

ལའོ་ཧྲི་ཡིས་བརྩམས།

སྤྱིར་བཏང་ང་ནི་རེ་འདུན་ཆེན་པོ་ཡོད་མཁན་ཞིག་མིན། ཁོ་བོས་ནམ་རྒྱུན་རང་ཉིད་ལ་ཟབ་ཅིང་རྒྱས་པའི་ཡོན་ཏན་དང་ཤེས་རབ་ཇི་འདྲ་ཞིག་ཡོད་པ་བཤད་མ་མྱོང་ལ། སུ་ཞིག་གི་ལས་རིགས་དེ་རང་ཉིད་ལས་ལེགས་པ་དང་དམན་པར་ཡང་བསམ་མ་མྱོང་། རྒྱབ་མ་གྲང་བ་དང་ཕོ་མ་ལྟོག་པ་ཙམ་གྱིས་གང་ནུས་སྒོས་རྩོམ་ཡིག་ཁ་ཤས་འབྲི་རྒྱུ་དེ་ནི་ང་ཡི་རེ་བ་ཉག་ཅིག་ཡིན།

རྩོམ་ཡིག་འབྲི་རྒྱུའི་ཐད་ནས་ང་ལ་རེ་འདུན་ཆེན་པོ་ཞིག་ཡོད་དེ། དེ་ནི་འཁྲབ་གཞུང་ལེགས་པོ་ཞིག་འབྲི་རྒྱུ་དེ་ཡིན། ང་ནི་རེ་འདུན་ཆེན་པོ་ཡོད་མཁན་ཞིག་མིན་ཀྱང་འཁྲབ་གཞུང་ལེགས་པོ་ཞིག་འབྲི་བའི་རེ་འདུན་དེ་ནི་ཆུང་ཆུང་ཞིག་ཀྱང་ག་ལ་ཡིན། རེ་འདུན་འདི་འདོད་མོས་བཞིན་འགྲུབ་དགོས་ན་ཐོག་མར་ངེས་པར་དུ་དཔེ་དེབ་མང་པོ་ཞིག་ཀློག་དགོས་ཏེ་རབ་ཡིན་ན་ཕྱི་རྒྱལ་དུ་ལོ་ཁ་ཤས་སུ་སློབ་གྲྭ་འགྲིམས་དགོས། གཉིས་ནས་བྲོ་གར་ཡོད་ན་ངེས་པར་དུ་བལྟས་ཏེ་རང་གི་མིག་ཟུང་གསོ་དགོས། གསུམ་ནས་ངས་བསམ་ན་རང་ཉིད་ཀྱིས་ཟློས་གར་ཚོགས་པ་ཞིག་ཏུ་ལོ་འགའ་ལས་ཀ་རེ་སྒྲུབ་སྟེ། ནམ་རྒྱུན་འཁྲབ་འཁྲིད་པ་དང་འཁྲབ་སྟོན་པ། དེ་མིན་ཆེད་ལས་ཀྱི་ལག་རྩལ་མི་སྣ་དག་ལ་འབྲེལ་འདྲིས་ཟབ་མོ་བྱས་ན་འགྲིག་པར་བསམ། བཞི་ནས་ད་དུང་གར་འཁྲབ་རྒྱུ་བསླབ་སྟེ་འཁྲབ་མཁན་གང་རུང་ཞིག་ཏུ་བརྫིས་ནའང་ལེགས་པར་སྙམ། གོང་གི་དེ་དག་ཡོངས་སུ་འགྲུབ་ཟིན་ནའང་རང་ཉིད་ལ་འཁྲབ་གཞུང་རྩོམ་པའི་འཇོན་ནུས་ཡོད་པ་བཤད་ཁག་པོ་འདུག གལ་ཏེ་དེའི་འཇོན་ནུས་མེད་ཚེ་ངས་དཀའ་སྡུག་མྱངས་ཡོད་ནའང་འདོད་འདུན་འགྲུབ་པར་དཀའ་བས་རེ་འདུན་འདི་ནི་དངོས་ནས་ཆེན་པོ་ཞིག་རེད།

འཁྲབ་གཞུང་ཞིག་འབྲི་བ་ལའང་འདི་འདྲའི་རེ་འདུན་ཆེན་པོ་ཞིག་ཡོད་དགོས་སམ་སྙམ་ནས་ང་ནི་གཞུང་དྲང་ཞིག་མ་རེད་འདོད་མཁན་ཀྱང་ཡོད་ངེས། དེས་ན་ང་ཚོས་ཅུང་ཐག་རིང་ས་ནས་བཤད་པར་བྱ། གཅིག སྒྲུང་དང་གནའ་གཏམ་སོགས་ཡིག་ངོར་ཕབ་མེད་པའི་མི་རིགས་དག་ལའང་ངག་རྒྱུན་གྱི་སྙན་ངག་དང་གནའ་གཏམ་ཡོད་སྲིད། གོ་དོན་གཞན་ཞིག་གི་ངོས་ནས་བཤད་ན་མི་ནི་དྲན་པའི་ཁྲོད་དུ་གསོན་ཡོད་པས་ཁ་སང་བརྗེད་མེད་ན་ད་གཟོད་སང་ཉིན་ལ་བརྩེ་བ་འཛིན་ངེས། དེ་མ་གཏོགས་ཁོ་ཚོ་འཕྲུལ་སྣང་རབ་རིབ་ཀྱི་ཁྲོད་དུ་རང་ཉིད་གང་ནས་འོང་བ་དང་གང་དུ་འགྲོ་དགོས་པའང་མི་ཤེས། དེའི་ཕྱིར་རིག་རྩལ་ནི་ལག་པས་བྲིས་པའམ་ངག་ནས་བརྒྱུད་པ་གང་ཡིན་ཡང་འཆི་བ་མེད། གལ་ཏེ་རིག་རྩལ་ལ་མྱ་ངན་ཞུ་དུས་ཤིག་ཡོད་ན་དེ་ནི་རིག་གནས་ཀྱི་འདས་སྐར་ཀྱང་ཡིན་སྲིད།

ཁྱོད་ཀྱིས་ལྟོས་དང་རིག་རྩལ་ནི་ཇི་འདྲའི་གལ་ཆེན་པོ་ཞིག་རེད་ཨང་།

གཉིས། རིག་གནས་ཆུ་ཚད་ཇེ་མཐོར་ཕྱིན་པའི་སྐབས་དེར་མི་རྣམས་ལ་ཆོས་ལུགས་སམ་ཡང་ན་སྤྱི་ཚོགས་སྣང་ཚུལ་གྱིས་སྐུལ་འདེད་བྱས་ཏེ་ཟློས་གར་གསར་གཏོད་བྱས་པ་རེད། ཟློས་གར་ནི་སྙན་ངག་དང་གནའ་གཏམ་ལ་བསྡུར་ན་ལོ་ན་གཞོན་པ་ཡིན། གྱོན་གོས་དང་ཕྱག་རྒྱ། བཤད་སྟངས་ཀྱི་ངོས་ནས་དེ་དག་ལས་ཡིད་འཕྲོག་ཅིང་གསོན་ཉམས་ཀྱིས་ཕྱུག་པ། བབ་ཆགས་པ་ཞིག་ཡིན། ཟློས་གར་གྱིས་སྐབས་དེའི་རིག་གནས་གསོན་ཉམས་ལྡན་པའི་ངང་ནས་མི་རྣམས་ཀྱི་སྤྱན་ངོར་བཤམས་ཡོད་པས་རིག་གནས་ཇི་ལྟར་ཟབ་ཅིང་རྒྱས་ན་ཟློས་གར་ཀྱང་དེ་བཞིན་ཡིན། ཟློས་གར་ཡོད་པའི་མི་རིགས་ནི་དམུ་རྒོད་དུ་མི་འགྱུར་ཅིང་ཟློས་གར་ལ་གཏམ་རྒྱུད་སྙན་མོ་དང་བསམ་བློ་ལེགས་པོ། སྐད་བརྡ་བཟང་བོ། གླུ་གཞས་སྙན་མོ། གྱོན་པ་མཛེས་པོ། བྲོ་གར་ཉམས་ཆེན། གར་སྟེགས་ཡག་པོ་བཅས་དགོས་ཤིང་ད་དུང་དམིགས་བསལ་གྱིས་བསླབ་ཅིང་སྦྱངས་པའི་ཆེད་ལས་འཁྲབ་མཁན་དང་ཡོན་ཚད་མཐོ་ཞིང་ཀུན་སྤྱོད་ལེགས་པའི་ལྟད་མོ་བའང་མཁོ་བ་ཡིན། དེའི་ནང་དུ་སྒྱུ་རྩལ་གྱི་མེ་ཏོག་བཞད་ཡོད་པ་མ་ཟད་རིག་གནས་ཀྱི་བུང་བ་ཡང་འདུས་ཡོད། ཟློས་གར་ནི་གོ་དོན་ཞིག་གི་ངོས་ནས་བཤད་ན་རིག་གནས་ཀྱི་མགྲིན་ཚབ་པ་ཡིན། གལ་ཏེ་ཁྱོད་ཀྱིས་ད་དུང་ཟློས་གར་ལ་མཐོང་ཆེན་དེ་འདྲ་ཞིག་མི་བྱེད་པའི་དབང་དུ་བཏང་ན་བྱ་དངོས་གང་ཞིག་གིས་ཟློས་གར་གྱི་ཚབ་བྱེད་ཐུབ་མིན་ལ་བསམ་བློ་ཞིག་གཏོང་རོགས། དེ་ནི་ཡོད་མི་སྲིད་དོ།།དེས་ན་ད་རུང་དམུ་རྒོད་ཀྱི་མི་རིགས་གང་ཞིག་ལ་ཟློས་གར་ངོ་མ་ཞིག་ཡོད་སྲིད་དམ། ཡང་ན་རིག་གནས་ཀྱི་རྫོང་མཐུག་པའི་མི་རིགས་ཤིག་ལ་ཟློས་གར་མེད་སྲིད་དམ། འདི་ལའང་བསམ་བློ་རེ་གཏོང་རོགས།

ཁྱོད་ཀྱིས་ལྟོས་དང་ཟློས་གར་ནི་ཇི་འདྲའི་གལ་ཆེན་པོ་ཞིག་རེད་ཨང་།

ཟློས་གར་ནི་འདི་འདྲའི་བྱ་དངོས་ཆེན་པོ་ཞིག་ཡིན་པས་ངས་འཁྲབ་གཞུང་ལེགས་པོ་ཞིག་འབྲི་ཕྱིར་རེ་འདུན་ཆེན་པོ་ཞིག་ལོས་བཅིངས། ཟློས་གར་གྱི་རྩ་བ་ནི་རིག་རྩལ་གྱི་ཞིང་ས་གཤིན་པོར་ཟུག་ཡོད་ཀྱང་དེས་བསྡུ་ལེན་བྱས་པ་ནི་སྒྱུ་རྩལ་གྱི་རོ་བཅུད་མཐའ་དག་ཡིན།

ང་ནི་རེ་འདུན་ཆེན་པོ་ཞིག་ཡོད་མཁན་མིན་ཀྱང་དེ་རིང་ངས་ཟློས་གར་གྱི་དུས་ཆེན་འདི་ལ་འདི་འདྲའི་དམ་བཅའ་ཆེན་པོ་ཞིག་འཇོག་རྒྱུ་ཡིན། འདི་ནི་རྩེད་ཁ་དགོད་སྤྱད་བྱེད་པའང་མ་ཡིན་པར་རིག་གནས་ཀྱི་འཕེལ་རིམ་ཁྲོད་དུ་མེད་དུ་མི་རུང་བའི་ཟློས་གར་འབྲི་རྒྱུ་དེ་ཡིན། རིག་གནས་ཀྱིས་སྒྱུ་རྩལ་གསོ་སྐྱོང་བྱེད་ཅིང་སྒྱུ་རྩལ་གྱིས་རིག་གནས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ་ཡིན། སྒྱུ་རྩལ་ཁྲོད་དུ་སྣ་འཛོམས་སྒྱུ་རྩལ་གཅིག་གྱུར་བྱེད་ཐུབ་པ་དང་ཕན་འབྲས་ལྡན་པ་ནི་ཟློས་གར་ཁོ་ན་ཡིན།

འཐབ་འཛིང་དང་རིག་གནས་འཛུགས་སྐྲུན་མཉམ་བསྐྱོད་བྱེད་དགོས་པས་ངས་འཁྲབ་གཞུང་ལེགས་པོ་ཞིག་འབྲི་རྒྱུར་དམ་བཅས་པ་རྩིས་མེད་དུ་གཏོང་མི་རུང་བ་འདྲ། ངའི་འདོད་འདུན་འགྲུབ་ཐུབ་མིན་ནི་ངའི་བརྩོན་འགྲུས་ལ་རག་ལས་པས་ཟློས་གར་དང་མཉམ་བསྐྱོད་མཉམ་གནས་བྱེད་རྒྱུ་ཡིན།


༢༢. རེ་བ།

ཡང་ཧང་གིས་བརྩམས། 

བྱིས་པ་རྣམས་ཀྱིས་ལོ་སར་བར་རེ་ཞིང་རྒན་པ་རྣམས་ཀྱིས་དཔྱིད་ཚེས་པར་སྒུག་ཡོད། བྱིས་པའི་དུས་སུ་རྒན་པ་རྣམས་ཀྱི་རེ་བ་ལ་རྒྱུས་ལོན་ཡང་དག་ཅིག་བྱེད་མ་ཐུབ། འོན་ཀྱང་ལོ་སར་བ་ནི་ང་ལ་མཚོན་ན་ལོ་གཅིག་རིང་གི་རེ་བ་ཆེན་པོ་དེ་ཡིན། ལོ་གསར་ལ་རོལ་ན་རྩེད་མོ་མང་བ་མ་ཟད་བཟའ་བཏུང་ཡང་མང་བས་སྐབས་དེའི་རྣམ་པ་ནི་མི་སེམས་སྒུལ་བ་ཞིག་ཡིན། ལོ་སར་རྗེས་སུ་དུས་ཚོད་མྱུར་མོར་བཞུར་བར་རེ་སྟེ་ཡང་བསྐྱར་ལོ་གསར་བ་ཞིག་ཚེས་ན་འདོད་པ་ཡིན།

རེ་བའི་ཁྲོད་དུ་དུས་ཀྱི་གོམ་འགྲོས་ནི་ཧ་ཅང་མགྱོགས་ཏེ། མིག་རྡེབ་དབང་ཙམ་གྱི་དུས་ཡུན་དུ་སློབ་ཆུང་ནས་འབྲིང་རིམ་དང་དེ་ནས་སློབ་ཆེན་སོགས་འགྲིམས་འགོ་ཚུགས་ཏེ། རེ་བའི་འདོད་འདུན་དེ་སྔར་བས་ཤུགས་དྲག་དུ་ཕྱིན་ཅིང་རེ་ས་ཡང་སྔར་བས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར། སློབ་འབྲས་ལེགས་པོས་སློབ་མཐར་ཕྱིན་པར་རེ་ཞིང་ལས་དོན་བཟང་བོ་ཞིག་རེག་པར་ཡང་རེ་བ་མ་ཟད། བསམ་དོན་ལྷུན་འགྲུབ་དང་དཔལ་འབྱོར་མང་པོ་ཞིག་བསགས་ནས་ཕ་མར་རོགས་རམ་བྱེད་པ། དགའ་རོགས་བཟང་བོ་ཞིག་ཡོད་པ་སོགས་ལ་ཡང་རེ་བ་ཆེན་པོ་ལྡན། ཤེས་མེད་ཚོར་མེད་ཀྱི་ངང་ནས་ནམ་རྒྱུན་རེ་བའི་སྐས་སྟེགས་ལ་སྤོས་ནས་ད་ལྟ་རང་ཉིད་མི་དར་མ་ཞིག་ཏུ་གྱུར་ཏེ་ཕ་ཁྱིམ་སྲུང་ཞིང་སྐྱོང་དགོས་པའི་བྲེལ་ཟིང་ལྡན་པའི་མི་ཞིག་ཏུ་གྱུར་ཚར།

འཚོ་བ་རྙོག་དྲ་ལྡན་པ་ཞིག་ཏུ་འགྱུར་འགོ་ཚུགས་ཏེ་རང་ཉིད་མི་ཐ་མལ་བ་ཞིག་གམ་ཡང་ན་རླབས་ཆེན་ཞིག་ཏུ་གྱུར་ཀྱང་རེ་བ་ནི་སྔར་བཞིན་རང་གི་རྒྱུད་ན་གནས་པ་ཞིག་རེད། འཕྲིན་ཡིག་འབྱོར་བར་རེ་ལ་བྲིས་རྩོམ་དེབ་དུ་འགོད་པར་ཡང་རེ་ཞིང་། བྱ་དགའི་མ་དངུལ་འཐོབ་པ་དང་དོན་བྱ་ག་གེ་མོ་འདོད་དོན་བཞིན་འགྲུབ་པ། ཡང་ན་ལྷན་འཛོམས་ཤིག་དང་གནས་སྐོར་ཐེངས་གཅིག་ལ་རེ་བ་སོགས་མི་རྣམས་ཀྱིས་རེ་བའི་ཁྲོད་དུ་རྒྱབ་འཁེན་ས་ཞིག་རྙེད་ཡོད།

རེ་བ་མེད་པའི་ལོ་ཟླ་ནི་སྐྱ་མདོག་གི་དུས་སྐབས་ཤིག་སྟེ་བརྗོད་ཡུལ་ལས་འདས་པ་ཞིག་ཡིན་པས། མི་ཞིག་ཡིན་ན་ནམ་རྒྱུན་རེ་བ་ཞིག་ཡོད་ཚེ་འཚོ་བ་དེ་ཡང་སྙིང་བོ་མེད་པ་ཞིག་ཏུ་མི་འགྱུར། རེ་བ་ཡོད་ཚེ་དགུང་གི་ཉི་མ་ཡང་ནམ་རྒྱུན་ཉི་མ་གསར་བ་ཞིག་ཡིན་པའི་ཚོར་བ་ལྡན་ལ། རེ་བ་དེ་ཡང་བྲིས་པའི་བ་མོ་ལས་འོ་མ་འཇོ་བ་དང་རང་སེམས་རང་གིས་གསོ་བ་གང་ཡིན་ཡང་། དོན་བྱ་ཆུང་ངུ་ཞིག་གི་ཆེད་དུ་ཡིན་ཀྱང་དེས་ཁྱེད་ལ་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བ་ཡིན།

ས་ཡི་བཅུད་ཤོར་ཚེ་བྱེ་ཐང་དུ་འགྱུར་བ་ནང་བཞིན་མི་ལ་རེ་བ་མེད་ཚེ་ཤུལ་དུ་ཅི་ཞིག་ལྷག་ཡོད་དམ། རེ་བ་ཆུང་ཆུང་ཞིག་གིས་མི་ཞིག་གི་ཉིན་གཅིག་ལ་འདེགས་སྐྱོར་བྱེད་ཐུབ་ཅིང་རེ་བ་ཆེན་པོ་ཞིག་གིས་མི་ཞིག་གི་མི་ཚེ་གཅིག་ལ་རམ་འདེགས་བྱེད་ཐུབ།


༢༣. གདམ་ཀ

ཝང་གོ་ཀྲིན་གྱིས་བརྩམས། 

དུས་ཚོད་དང་ནུས་པར་ཚད་ཡོད་ལ་མ་དངུལ་ལ་ཡང་ཚད་ཡོད་པས་ང་ཚོས་ཅིས་ཀྱང་གདམ་གསེས་བྱ་ཤེས་དགོས། གདམ་གསེས་ལེགས་པོ་ཞིག་ཤེས་ན་འཚོ་སྡོད་གྱི་ཐབས་ལམ་ལེགས་པོ་ཞིག་གདམ་པ་དང་འདྲ།རང་གི་གདམ་ཀ་དེ་ནི་གཞན་དང་མཐུན་མིན་ལ་འཛེམ་དོགས་བྱེད་མི་དགོས་ལ་རང་གི་གདམ་ཀ་དེ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་མིན་ལའང་སེམས་ཁྲལ་བྱེད་མི་དགོས་པར། གདམ་ཀ་དེ་རང་ཉིད་ལ་འཚམ་ཞིང་ཁེ་ཕན་ཡོད་པ་ཞིག་ཡིན་ན་དེ་ནི་གདམ་གསེས་བཟང་བོ་ཞིག་ཡིན།

བྱ་བའི་སྟེང་དུ་ང་ཚོས་མི་ཚེ་འདིར་གདམ་གསེས་ག་ཚོད་ཅིག་བྱས་ཆོག་ཨང་། དཔེར་ན་ཧྥ་རན་སི་རྒྱལ་ཁབ་ཀྱི་བསམ་བློ་བ་ལུའུ་ཅོན་ལྟ་བུ་རེད། ཁོང་རང་ལོ་ན་སུམ་ཅུར་མ་བུད་གོང་དུ་ད་ལྟའི་བར་དུ་རྒྱུགས་ཆེ་བའི་གོ་བདེའི་དབྱངས་རྟགས་གསར་དུ་བཏད་པ་དང་གསར་བཏོད་འདིས་འཛམ་གླིང་ཧྲིལ་བོའི་རོལ་དབྱངས་ཀྱི་ངོས་ནས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། རྗེས་ནས་ཡང་ཁོང་གིས་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་དྲག་པོ་ལྡན་པའི་༼སྒྱུ་རྩལ་དང་ཚན་རིག་ལ་དཔྱད་པ༽ཞེས་པའི་དཔྱད་རྩོམ་བྲིས་པ་དང་། ཁོང་གི་སྐུ་ཚེའི་སྨད་དུ་རྩོམ་རིག་ལོ་རྒྱུས་སྟེང་དུ་གོ་གནས་གལ་ཆེན་ཟིན་ཡོད་པའི་༼འགྱོད་བཤགས་ཟིན་ཐོ༽བརྩམས་པ་རེད།

བྱ་བའི་སྟེང་དུ་ང་ཚོས་གདམ་གསེས་ཐེངས་མང་བྱེད་པའམ་གདམ་གསེས་ཡང་དང་བསྐྱར་དུ་བྱས་ན་ཆོག་ཀྱང་། བརྟག་དཔྱད་ཡང་དག་ཅིག་མ་བྱས་ཚེ་དོན་དག་ཅི་ཞིག་སྒྲུབ་ཀྱང་རང་མགོ་རང་གིས་གཡོགས་པ་དང་འདྲ།

སྐབས་མང་པོ་ཞིག་ཏུ་གནད་དོན་ལ་འཕྲད་པའི་དུས་སུ་དེ་ཐག་གཅོད་བྱེད་པ་ལ་རྔམ་དགོས་དོན་མེད་པར། ལྷོད་ལ་བབས་ནས་གནད་དོན་དེ་ཐག་གཅོད་ཀྱི་བྱེད་ཐབས་མང་པོ་ཞིག་ལ་བསམ་བློ་བཏང་ནས་གདམ་གསེས་བྱེད་པ་ནི་ཆེས་ལེགས་པ་དེ་ཡིན། གལ་ཏེ་དེ་ལྟར་མིན་ཚེ་ནམ་རྒྱུན་གནད་དོན་རྙིང་བ་དག་ཐག་གཅོད་མ་བྱས་པའི་གོང་དུ་གནད་དོན་གསར་བ་སྐོར་ཞིག་བྱུང་ནས་རང་ཉིད་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་ངེས་ཡིན།

མི་ཚེའི་ངོས་ནས་བཤད་ན་གནས་སྐབས་སུ་ཁེ་ཕན་མེད་ཀྱང་མ་འོངས་མཐར་ཐུག་ལ་ཁེ་ཕན་ཡོད་ན་གདམ་གསེས་བྱས་ཆོག་པ་ཞིག་ཡིན་ལ། གནས་སྐབས་སུ་ཁེ་ཕན་ཡོད་ཀྱང་མ་འོངས་འཕེལ་རྒྱས་ལ་ཁེ་ཕན་བྲལ་ན་གདམ་གསེས་བྱེད་མི་རུང་སྟེ། མིག་སྔར་དང་གནས་སྐབས་ཁོ་ནར་བལྟ་བ་ནི་མཐོང་རྒྱ་དོག་པའི་རྟགས་མཚན་རེད།

དམིགས་འབེན་གཅིག་ལ་ཕྱོགས་པའི་དུས་སུ་ཐོག་མར་དམིགས་སར་སླེབས་པ་ནི་གོམ་འགྲོས་ཆེས་མགྱོགས་པ་དེ་མ་ཡིན་པར་ལམ་ཁ་ཡང་དག་ཅིག་གདམ་པས་ཡིན་སྲིད་པས། གལ་ཏེ་ཁྱེད་རང་འཇོན་ནུས་ལྡན་ལ་ཤེས་རབ་ཀྱང་ཆེ་ན་ཁྱེད་ནི་སྔོན་ལ་སླེབས་མཁན་དེ་ཡིན།

མི་ཚེའི་ཁྲོད་དུ་ནམ་རྒྱུན་གདམ་གསེས་མང་པོར་འཕྲད་པས་གདམ་གསེས་ཡང་དག་ཅིག་བྱེད་པར་ཤེས་རབ་རྣོན་པོ་ཞིག་དགོས་པ་མ་ཟད་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཀྱང་དགོས་པ་ཡིན། དཔེ་ཁང་ལས་བུད་དེ་འཚོ་བར་ཕྱོགས་དུས་སུ་ང་ཚོའི་ཤེས་རབ་ལ་ཉམས་མྱོང་འཐོབ་ཅིང་ང་ཚོའི་ཉམས་མྱོང་དེ་ཕུན་སུམ་ཚོགས་པོ་ཞིག་ཏུ་གཏོང་ངེས་ལ།ང་ཚོའི་མ་འོངས་པའི་འཚོ་བའི་ཁྲོད་དུ་སྔར་བས་གདམ་གསེས་ཡང་དག་ཅིག་བྱེད་ཤེས་པར་སྐུལ་མ་གཏོང་སྲིད།

གྲོགས་པོ་ཇི་ལྟ་བུ་ཞིག་གདམ་ན་ཁྱེད་ནི་མི་དེ་འདྲ་ཞིག་ཏུ་འགྱུར་སྲིད་ལ། ཁྱེད་ནི་མི་ཇི་འདྲ་ཞིག་ཡིན་ན་མདུན་ལམ་ཡང་དེ་འདྲ་ཞིག་ཡིན་པས། གྲོགས་པོ་གདམ་གསེས་བྱེད་པར་ངེས་པར་དུ་ཡིད་འཇོག་གང་ལེགས་བྱེད་དགོས་ཏེ་དེ་ནི་གནས་སྐབས་ཙམ་ལ་འབྲེལ་བ་མ་ཡིན་པར་མི་ཚེ་ཧྲིལ་བོར་འབྲེལ་ཡོད་པས་ཡིན།


༢༤. སློབ་གྲྭ

བུའུ་ཆིན་གྱིས་བརྩམས།

ངས་མཛེས་སྡུག་ལྡན་པའི་སློབ་གླིང་དེ་བརྗེད་ག་ལ་སྲིད་ཨང་།

གང་སར་སྔོ་ལྗང་ལྗང་གི་རྩྭ་ལོས་ཁྱབ་ཅིང་དེའི་དབུས་སུ་དཀར་གཙང་གཙང་དང་དྲང་ཤར་ཤར་གྱི་རྡོ་ལམ་ཞིག་འཐེན་ཡོད། ལམ་འགྲམ་གཉིས་སུ་བཏབ་པའི་མེ་ཏོག་དེ་དག་ནི་མེ་ཏོག་བ་སོ་དམར་པོ་[1]ཡིན་ན་ཡང་དམར་མདོག་གི་ལོ་མ་དེ་ཡང་འཇམ་ཞིང་མཉེན་པའི་གློ་དམར་ཞིག་ཏུ་གྱུར་ཏེ་མཐའ་རུ་ལྗང་མདོག་ཅིག་ཀྱང་ཡོད།ང་ནི་ནམ་རྒྱུན་རྡོ་ལམ་རིང་མོ་འདིའི་སྟེང་དུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་ལ་སོང་གིན་སོང་གིན་ཁོད་ཡངས་པའི་སྟེགས་བུ་ཞིག་གི་སྟེང་དུ་ཐོན། སྟེགས་བུ་འདིའི་སྟེང་དུ་ཡིད་སེམས་འཕྲོག་པའི་དགོང་ཁའི་མཚམས་སྤྲིན་དང་ཉི་ཟེར་མཐོང་ཐུབ་ལ་སྐབས་ལ་རེར་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ལྷོ་ཕྱོགས་སུ་བསྐྱོད་པའི་མེ་འཁོར་ཡང་མཐོང་ཐུབ། དེ་ནས་ཕྱིར་ལོག་པའི་ལམ་ཁ་རུ་ཚོད་ལྟ་ཁང་དང་དཔེ་མཛོང་ཁང་ཡོད་ཅིང་འདི་རུ་ཡངས་ཤིང་ཆེ་བའི་སྒེའུ་ཁུང་ས་འབྱར་མ་[2]ཡོད་ལ། སྒེའུ་ཁུང་ཕྱི་རོལ་གྱི་ཤིང་བལ་སྡོང་བོའི་སྟེང་དུ་མིག་མདངས་འཕྲོག་པའི་མེ་ཏོག་དམར་པོས་བརྒྱན་ཡོད། དེའི་མདུན་དུ་སོང་ན་ཟ་ཁང་ལ་ཐོན་ཞིང་གནས་དེ་གར་ཁྱད་མཚར་གྱི་སྡོང་བོ་ཞིག་ཡོད་ལ་དེའི་སྟེང་དུ་ཁ་བའི་འདབ་མ་ལྟ་བུའི་དཀར་སིང་སིང་གི་མེ་ཏོག་བཞད་ཡོད་པ་ནི་འཇམ་ཞིང་མཉེན་པ་མ་ཟད། མེ་ཏོག་སོ་སོ་གཅིག་ལ་གཅིག་འབྲེལ་ཡིན་པས་རྒྱང་རིང་ནས་བལྟས་ན་སྤྲིན་དཀར་གྱི་ཚོམ་བུ་ཞིག་དང་ཀུན་ནས་མཚུངས།རྗེས་སུ་མེ་ཏོག་འདི་ནི་ངས་དཔེ་ངོས་སུ་ཐེངས་མང་པོར་བལྟས་མྱོང་བའི་མེ་ཏོག་དཀྱིལ་འཁོར་མ་ཡིན་པ་ཤེས།

སློབ་གྲྭའི་དཀྱིལ་དུ་རླུང་གཡབ་གཟུགས་ཀྱི་ཆུ་འཕྱུར་རྫིང་བུ་ཞིག་ཡོད་ཅིང་དེའི་དཀྱིལ་དུ་ཀྲུང་གོའི་རྣམ་པ་མངོན་ཐུབ་པའི་རྡོ་ཕ་བོང་འགའ་བཞག་ཡོད་པ་ནི་གསར་དུ་སྐྲུན་པ་ཡིན་ཡང་སྒྱུ་རྩལ་གྱི་རྣམ་པ་ཞིག་ངང་གིས་མངོན་ཡོང་།

ང་ཚོ་ཀྲུང་གོའི་དགེ་རྒན་དག་སྡོད་སའི་ར་སྐོར་དུའང་རྣམ་པ་འདི་དང་འདྲ་བའི་ཆུ་འཕྱུར་རྫིང་བུ་ཞིག་ཡོད་ཀྱང་དེ་ནི་འདི་ལས་ལྡབ་འགྱུར་གྱིས་ཆུང་བས་གཞོང་བ་ཞིག་དང་འདྲ་སྟེ། དེ་ནི་འདི་གར་ཡོང་སྔ་བའི་དགེ་རྒན་རྣམས་ཀྱིས་ཁོམ་གསེང་གི་དུས་སུ་བསྐྲུན་པ་ཞིག་ཡིན། ཁོ་ཚོས་ཆུ་ནང་དུ་ཆུ་རྩྭ་དང་གསེར་ཉ་འགའ་རེ་བཏང་ཡོད་པ་ནི་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་སྟོན་པ་འདྲ། དཀྱིལ་གྱི་རྡོ་ཕ་བོང་གི་སྟེང་དུ་བྲིས་ཡག་པའི་རྫིང་ཁའི་ཟླ་འོད་ཅེས་ཡི་གེ་དམར་པོ་བཞི་བྲིས་ཡོད་པས་ཞི་ཧུའུ་མཚེའུ་དེ་ཁོང་ཚོའི་པང་དུ་བཟུང་བ་དང་འདྲ་ཞིང་ཕ་ཡུལ་གྱི་དུང་ཟླ་ཡང་ཡུལ་གྱར་བ་འདི་དག་ལ་བལྟས་ནས་འཛུམ་དམུལ་དམུལ་དུ་ཡོད།

ཉིན་ཞིག་ལ་སློབ་གྲྭའི་སློབ་གཙོ་ལགས་ཀྲུང་གོའི་དགེ་རྒན་སྡོད་སར་ཕེབས་ཏེ་རྫིང་བུ་འདིར་བསྟོད་པའི་མཐེ་བོང་བསྒྲེང་སྟེ་ཀྲུང་གོའི་དགེ་རྒན་རྣམས་ཀྱིས་སློབ་གྲྭའི་དཀྱིལ་དུ་ཡང་འདི་འདྲའི་རྫིང་བུ་ཞིག་སྐྲུན་དགོས་པར་གདམས་པས། སྔོ་ལྗང་ལྗང་གི་རྩྭ་ལོ་དང་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་གི་གསེབ་དུ་ཀྲུང་གོའི་དཔལ་འཛིན་གྱི་ཆུ་འཕྱུར་རྫིང་བུ་ཞིག་གསར་དུ་བསྣན་པས། བཀྲག་མདངས་འཚེར་བའི་ཉི་འོད་ཀྱི་ངོགས་ནས་ཆུ་ཡི་ཟེགས་མ་མཁའ་ལ་འཕྱོ་བཞིན་འདུག

[1] མེ་ཏོག་བ་སོ་དམར་པོ་ཟེར་བ་ནི་རྒྱ་ཡིག་གི༼一品红༽ཟེར་བ་དེ་ཡིན།

[2] དེ་ནི་རྒྱའི་སྐད་དུ་༼落地窗༽ཟེར་བ་དེ་ཡིན་ཞིང་གྱན་གང་བོ་སྒེའུ་ཁུང་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།