ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་བསྐྱངས་པའི་མྱོང་སྣང་བསིལ་ལྡན་ལོ་མའི་བརྗེད་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གངས་ལྷས་བསྒྱུར།   སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲིན་ཧི་ཆིན་གྱིས་བརྩམས། གངས་ལྷས་བསྒྱུར།    

ཕ་དང་མ་བྱེད་རྒྱུ་ནི་དེ་འདྲ་སླ་མོ་མིན། གཉེན་བསྒྲིགས་པ་དང་བུ་ཕྲུག་བཙས་པ་ཙམ་གྱིས་ཕ་དང་མ་རུ་གྱུར་ཟིན་སྙམ་ནའང་མིན། ཕ་མ་བྱེད་བསམ་པ་དང་ཡང་ན་བྱིས་པ་ལེགས་པར་སྐྱོང་བསམ་པ་ལ། སྔོན་དུ་རང་ཉིད་ལ་བྱིས་པ་སྐྱོང་བའི་ཐབས་ཤེས་འཛོམས་མིན་དང་། ཕ་མ་བྱེད་པའི་ཆ་རྐྱེན་ལྡན་མིན། བྱིས་པ་ལུས་སེམས་གཉིས་ནས་བདེ་ཐང་ངང་སྐྱོང་བའི་ནུས་པ་ལྡན་མིན་སོགས་ལ་བརྟག་དགོས་པ་ཡིན། གལ་ཏེ་དེ་དག་དང་ལྡན་པར་གྱུར་ཚེ་ཕ་དང་མ་བྱེད་པའི་ཆ་རྐྱེན་འཛོམས་པ་རེད། དེ་ན་འདིར་རང་ཉིད་ཀྱི་ལོ་བཅུ་ཕྲག་འགའི་ཉམས་མྱོང་གཞིར་བཟུང་ནས། ཕ་མ་ཇི་ལྟར་བྱེད་པའི་གནས་ལུགས་ཀུན་དང་གླེང་མོལ་ཙམ་བྱ་འདོད།

20151118000759_VGxkL.jpeg

དང་པོ། བྱིས་པའི་ལུས་ཕུང་ག་འདྲ་ཡིན་མིན་ཤེས་དགོས།

གཅིག བྱིས་པའི་བྱང་ཁོག

ལོ་གཅིག་གཉིས་ཙམ་གྱི་བྱིས་པའི་བྱང་ཁོག་ནི་ཁོའི་ལུས་པོ་ཧྲིལ་པོའི་བསྡུར་ཚད་ལ་བཀུག་ན་ང་ཚོ་དར་མ་རྣམས་ཀྱི་བསྡུར་ཚད་ལས་ཅུང་ཟད་རིང་བ་དང་། རྐང་ལག་བཞི་པོ་ནི་ལྡོག་སྟེ་ཐུང་བ་རེད། དེ་བས་བྱིས་པ་ལངས་ཡུན་རིང་ན་སྒྱིད་པ་དང་ཉྭ་རྒྱབ་འཁྱོག་པའི་ནད་བསྐྱེད་སླ། ཕ་མས་བྱིས་པ་ལ་ཙོག་སྟེ་རྩེད་འཇོར་རོལ་བའི་གོ་སྐབས་མང་དུ་བྱིན་ནས། རྐང་པའི་ཁུར་འབོགས་དགོས། རབ་ཡིན་ན་གཡོ་ཁྲིའུ་འགའ་ཤས་དང་འཁོར་གསུམ་ལྕགས་རྟ་སོགས་བྱིས་པར་རྩེ་རུ་འཇུག་པ་དང་། ད་དུང་ལྷས་ཁྱམས་དང་སྒོ་ར་སོགས་སུ་རྐུབ་སྟེགས་ཆུང་ཆུང་འགའ་ཤས་བསྒྲིག་ཆོག་སྟེ། བྱིས་པ་བརྩེས་ནས་ངལ་ཚེ་དེའི་སྟེང་ལ་ཙོག་སྟེ་ངལ་གསོ་ཆོག དེ་དང་དེ་སོགས་ནི་བྱིས་པའི་ལུས་ཕུང་ལ་ཕན་པ་ཤ་སྟག་ཡིན།

གཉིས། བྱིས་པའི་སྙིང་།

བྱིས་པའི་སྙིང་གི་ལྡིང་ཚད་ང་ཚོ་དར་མ་རྣམས་ལས་མགྱོགས་པ་ཀུན་ལ་གསལ་བ་ལྟར་ཡིན་པས། བྱིས་པ་ལོ་ཆུང་རྣམས་ཀྱིས་དྲག་རྩོལ་ཡུན་རིང་དུ་བྱས་ན་ཉེན་ཁ་འབྱུང་སླ། དེ་ལ་ཕ་མས་བྱིས་པའི་རོལ་རྩེད་ཀྱི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས་ཏེ། གལ་ཏེ་བྱིས་པ་ལ་དབུགས་འཚང་བའི་གནས་ཚུལ་འདྲ་བྱུང་ན་ངལ་གསོ་བར་སྐུལ་བ་དང་ཡང་ན། རོལ་རྩེད་གཞན་ལ་འཇུག་པའི་སྣེ་འདྲེན་དགོས། དཔེར་ན་བྱིས་པ་སྤང་ཐང་དུ་རྩེ་བར་ཁྲིད་དེ། སྤང་ཐང་ནས་གན་རྐྱལ་དུ་ཉལ་བ་དང་ཁ་སྦུབ་ཏུ་སྡོད་པ་སོགས་ཀྱང་ཆོག་གོ། །

གསུམ། བྱིས་པའི་འཇུ་སྟོབས།

བྱིས་པའི་འཇུ་སྟོབས་ཤིན་ཏུ་ཞན་ལ། ཟས་ལ་མུར་ལྡོད་ཀྱང་མང་པོ་མི་བྱེད། ཕ་མར་མཚོན་ན་བྱིས་པའི་འཇུ་སྟོབས་ལ་འཚམ་པའི་ཁ་ཟས་སྟེར་བ་ལ་དང་དོད་བྱེད་དགོས་པར་མ་ཟད། ཟས་ཚད་རན་མིན་ལ་ཡང་མཉམ་འཇོག་དགོས། ཉིན་རེའི་ཐུན་གསུམ་པོ་ལས་གཞན་ཞོར་ཟས་ཀྱི་རིགས་ནི་ཉུང་དུ་བསྟེན་ན་བཟང་། བྱིས་པའི་ལུས་ཕུང་ཕྱོགས་ཀྱི་གནས་ཚུལ་དེ་དག་ནི་ང་ཚོ་དར་མ་རྣམས་དང་ཁྱད་པར་ཆེ་བས། ཕ་མ་རྣམས་ཀྱིས་གནད་དེ་ལེགས་པར་ཟིན་ན་ད་གཟོད་བྱིས་པ་ལ་གསོ་སྐྱོང་ལེགས་པོ་བྱེད་ཐུབ།

གཉིས་པ། བྱིས་པའི་སེམས་ཁམས་ག་འདྲ་ཡིན་མིན་ཤེས་དགོས།

གཅིག བྱིས་པ་ནི་རྩེད་མོར་དགའ།

ལོ་གསུམ་བཞིའི་བྱིས་པ་ནི་ཁྱིམ་ནས་རྐུབ་སྟེགས་ཡར་འདེད་མར་འདེད་བྱེད་པར་དགའ། སྐབས་རེར་ད་དུང་མིང་སྲིང་རྣམས་དང་མཉམ་དུ་རྐུབ་སྟེགས་ཡར་སྤོར་མར་སྤོར་བྱས་ནས་རྩེ། དབྱུག་པ་བཟུང་ནས་གང་སར་རྡུང་བ་དང་། ཡང་ན་རྒྱབ་ལ་ཁུར་ནས་མེ་མདར་བྱས་ཏེ་རྩེ། དེ་བས་བྱིས་པའི་འཇིག་རྟེན་གྱི་སྲོག་ཤིང་ནི་རོལ་རྩེད་ཡིན། དེ་ལ་ངེས་པར་རྩེད་ཆས་ཀྱི་རམ་འདེགས་སྤྲོད་དགོས། ཕ་མས་བྱིས་པ་ལ་རྩེད་ཆས་ཡག་པོ་འདོན་སྤྲོད་བྱས་ཏེ། བྱིས་པར་རོལ་རྩེད་ཡིད་ཚིམས་པ་ཞིག་ལོངས་སྤྱོད་བྱེད་དུ་འཇུག་དགོས། དེ་ལས་བྱིས་པའི་ལུས་ཕུང་བདེ་ཐང་ཡོང་བར་མ་ཟད། བྱིས་པའི་སེམས་ཁམས་ཀྱང་སྐྱིད་པོ་ཡོང་བར་བྱེད།

གཉིས། བྱིས་པ་ལ་འཚར་འཛིན་ཆེ།

ཟླ་ལྔ་དྲུག་ཙམ་གྱི་བྱིས་པས་སྐད་སྒྲ་ཞིག་ཐོས་ཚེ་སྒྲའི་མཆེད་ཁུངས་དེ་འཚོལ་ལ། དེ་རྙེད་ཚེ་ལག་པ་བསྲིངས་ནས་འགྲོ། ལོ་བཞི་ལྔ་ཙམ་དུ་སོན་རྗེས་ཁོའི་འཚར་འཛིན་གྱི་རྣམ་རིག་ལྷག་པར་གྲུང་། ལམ་གྱི་རླངས་འཁོར་མཐོང་ན་འགྲོ་མཚམས་བཞག་ནས་ཞིབ་ཏུ་བལྟ་ལ། ཕྱི་རོལ་ནས་སྒྲ་གྲགས་པ་ཐོས་ཚེ་མྱུར་བར་བལྟ་རུ་འགྲོ། འཁྱགས་རོམ་དུམ་བུ་ཞིག་མཐོང་ཚེ་ལག་པས་རེག་ལ། མ་གོ་བའི་གནས་ཚུལ་དང་འཕྲད་ན་ཡང་ཡང་འདྲི། ཕ་མས་ནི་ཁོ་ལ་ལྟ་རེག་དྲི་གསུམ་གྱི་དབང་ཆ་སྟེར་དགོས་པར་མ་ཟད། ཁོའི་དྲི་བ་ལ་ལན་འདེབས་དགོས། དེ་ལྟར་བྱས་ན་བྱིས་པས་ད་གཟོད་རླངས་འཁོར་ནི་ཅི་ཞིག་ཡིན་པ་དང་རྔ་བརྡུངས་ནས་ཅི་ཞིག་རྩེ་བཞིན་པ། འཁྱགས་རོམ་ནི་ཅི་འདྲ་འཁྱག་པ་སོགས་ཤེས་ལ། འཚོ་བའི་རྒྱུན་ཤེས་མང་པོ་ཞིག་རང་བཞིན་གྱིས་ཤེས་འགྲོ་བ་རེད།

གསུམ། བྱིས་པ་ནི་ཚོགས་གྲལ་དུ་འགྲོ་བར་དགའ།

བྱིས་པ་རྣམས་མི་མང་པོ་དང་མཉམ་དུ་རྩེ་བར་དགའ། གལ་ཏེ་རྩེ་གྲོགས་དང་ཁ་འབྲལ་དགོས་པར་བསྐུལ་ཚེ། ཁོ་རང་ངུས་ཁོ་ཐག་ཡིན། ལོ་གཉིས་ཙམ་ནས་གཞན་དང་མཉམ་དུ་རྩེ་བར་དགའ་ལ། ལོ་ལྔ་དྲུག་ཙམ་ལ་བུད་ཚེ། ལྷག་པར་རྩེ་གྲོགས་མཁོ་བས། སྐབས་དེར་ཁོ་ལ་རྩེ་གྲོགས་མེད་ཚེ་ཁེར་རྐྱང་གི་སྡུག་བསྔལ་མི་ཟད་པ་ཞིག་སྐྱེ་ངེས། ཕ་མས་བྱིས་པར་རྒྱུན་དུ་མིང་སྲིང་རྣམས་དང་མཉམ་དུ་རྩེ་བར་སྐུལ་བ་དང་། ཁྱིམ་མཚེས་ཀྱི་བྱིས་པ་སོགས་རྩེ་རུ་ཡོང་ཚེ་དགའ་བསུ་བྱེད་དགོས། གལ་ཏེ་ཁོ་ཚོས་མཉམ་དུ་ཁང་པ་ལས་པ་དང་ཟམ་པ་འཕེན་པ། ཡང་ན་དམག་རྩེད་བྱེད་པ་སོགས་མཐོང་ན། ཕ་མས་བསྟོད་བསྔགས་ཀྱི་ཚིག་གིས་སྐུལ་མ་གཏོང་དགོས་ཏེ། རོལ་རྩེད་དེ་རིགས་ནི་མཉམ་འབྲེལ་དང་རོགས་རེས་ཀྱི་ལམ་ནས་བརྩེས་ན་ད་གཟོད་ཡིད་ཚིམས་པ་ཞིག་ཡོང་བས་ཡིན། དེ་ནི་འགྲོ་བ་མིའི་འཚོ་གནས་ཕྱོགས་ཀྱི་ཆ་རྐྱེན་གལ་ཆེ་བ་ཞིག་ཀྱང་ཡིན།

བཞི། བྱིས་པ་ནི་ཕྱི་རོལ་ཡུལ་དུ་འགྲོ་བར་དགའ།

བྱིས་པ་ཚང་མ་ཕྱིར་འགྲོ་བར་དགའ་བ་ལས། ཁྱིམ་ལ་འཛུལ་ནས་འདུག་པར་གཏན་ནས་དགའ་བོ་མེད། བྱིས་པ་མང་པོ་ཁྱིམ་ནས་ངུ་བ་ལ་རྒྱུ་མཚན་མང་པོ་ཡོད་ངེས་ཀྱང་། ཕྱི་རོལ་ལ་ལྟད་མོ་བལྟ་བ་དང་རྩེད་མོ་རྩེ་རུ་འགྲོ་མི་ཐུབ་པ་ནི་རྒྱུ་མཚན་ཆེ་ཤོས་ཤིག་ཡིན། ཕ་མ་རྣམས་ཀྱིས་ཁོམ་སྐབས་དང་བསྟུན་ནས་བྱིས་པ་སྒོར་རྩེ་རུ་ཁྲིད་དེ། ཁོ་ཚོ་རང་བྱུང་ཁམས་ནས་རྒྱུག་འདུར་བྱེད་དུ་འཇུག་པ་དང་། རྩ་དང་རྩི་ཤིང་དང་རི་དྭགས་འདབ་ཆགས། ནམ་མཁའི་ཁ་དོག་སོགས་ལ་བལྟ་རུ་འཇུག་པ། མེ་ཏོག་འཐུ་བ་དང་རྡོ་ཁ་འཕེན་པ་སོགས་བྱེད་དུ་འཇུག་དགོས། དེ་དང་དེ་སོགས་ནི་བྱིས་པའི་ལུས་ཕུང་དང་ཤེས་བྱ། བྱ་སྤྱོད་སོགས་ལ་ཤིན་ཏུ་སྨན།

གོང་དུ་བརྗོད་པའི་དོན་ཚན་དེ་བཞི་པོ་ནི་བྱིས་པའི་སེམས་ཁམས་ཀྱི་སྣང་ཚུལ་ཡིན་པས། ཕ་མས་དེའི་ཕྱོགས་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། སྣང་ཚུལ་དེ་དག་ལ་གཞིགས་ནས་སློབ་གསོ་བཏང་ན་ཕན་འབྲས་ལེགས་པོ་ཐོན་ངེས།

279759ee3d6d55fb7554270e67224f4a20a4dd0c.jpg

གསུམ་པ། ཕ་མས་བྱིས་པ་ལ་དགའ་བའི་དགའ་ཚུལ་ཤེས་དགོས།

རང་གི་བྱིས་པ་ལ་མི་དགའ་བའི་ཕ་མ་ནི་གར་ཡང་མ་མཆིས། ཡིན་ན་ཡང་ཇི་ལྟར་དགའ་བའམ་ཡང་ན་གཅེས་ཐབས་ལ་མགོ་རྨོངས་པ་ཤིན་ཏུ་མང་། ཕ་མ་ལ་ལས་བྱིས་པས་ཡར་སྣོག་མར་སྣོག་བྱེད་པ་དང་། འུར་བརྒྱབ་ནས་ཁ་ལ་མི་ཉན་པ་སོགས་བྱས་ཚེ་ཚིག་རྩུབ་དང་ལག་འཐབ་བྱེད། ལ་ལས་ནི་བྱིས་པའི་ལུས་སེམས་ཀྱི་འགྱུ་བ་མ་རྟོགས་པར། རང་གི་ཚོར་སྣང་དབང་བཙན་པོ་བྱས་ནས་བྱིས་པ་བཙོན་མ་གཅུན་གཅུན་བྱེད། དེ་ལ་བརྟེན་ནས་དྲག་རྩུབ་ཀྱི་གཤིས་རྒྱུད་ཀྱང་ན་ཚོད་དང་བསྟུན་ནས་རྒྱས། ནམ་ཞིག་བྱིས་པ་གང་དེ་ཕ་མར་གྱུར་པའི་ཚེ་ན་ཤེས་མ་ཤེས་ཀྱི་ངང་ནས་རང་གི་ཕ་མའི་ཉམས་མྱོང་དེས་རང་གི་བུ་རབས་ལ་སློབ་གསོ་གཏོང་བས། བཙོག་པ་འཁོར་རྒྱུག་གི་ཤན་ཤུགས་ངན་པའི་བསྐྱེད་འབྲས་མི་ཟད་པ་ཞིག་འབྱུང་བ་ཡིན།

ཕ་མའི་བྱིས་པ་ལ་གཅེས་ཐབས་ཡང་དག་པ་ནི་བྱིས་པའི་དགོས་མཁོ་དང་བསྟུན་པ་ཅན་ཞིག་ཡིན་ཏེ། དོན་ཚན་འགའི་ལམ་ནས་བསྟར་ན་གཤམ་ལྟར།

གཅིག ཟ་མ་ནི་བྱིས་པ་རང་གིས་བཟའ་ཤེས།

ཕ་མས་བྱིས་པ་རང་ལ་ཟ་མ་བཟའ་རུ་འཇུག་པ་ལས་ལྡད་ནས་ཁ་ལ་སྟེར་མི་དགོས། དེ་མིན་སྒྲོག་ཙེ་དང་རྐུབ་སྟེགས།

དཀར་ཡོལ་དང་སྡེར་མ་སོགས་བྱིས་པར་འཚམ་པའི་ཟས་སྣོད་ཆས་ཆ་ཚང་ཞིག་ཉོ་དགོས། དེ་ལྟ་མ་ཡིན་པར་ཟ་མ་བཟའ་སྐབས། བྱིས་པ་རྐུབ་སྟེགས་ཀྱི་སྟེང་ནས་ལངས་སུ་འཇུག་པ་དང་། ཡང་ན་དེའི་སྟེང་ལ་རྐུབ་སྟེགས་ཆུང་ངུ་ཞིག་བཞག་ནས་ཙོག་ཏུ་འཇུག་པ་སོགས་ནི་ཤིན་ཏུ་མི་རུང་ངོ་། །

གཉིས། བྱིས་པའི་གྱོན་ཆས།

བྱིས་པའི་གྱོན་ཆས་ལ་ཁོ་རང་ཉིད་དགའ་བའི་མདོག་དང་ཚུགས་ཀ་གཙོ་བོར་འཛིན་དགོས། གྱོན་ན་ལུས་ལ་བདེ་ཞིང་སྲབ་མཐུག་ཚད་དང་རན་པས་ཆོག་པ་རེད། ང་ཚོ་དར་མ་རྣམས་ཀྱིས་གྱོན་པའི་ལྭ་རིང་དང་གོང་ཁ་མཐོ་ལ་ཕུ་དུང་རིང་བའི་རིགས་མི་འོས་ཏེ། ཁོ་ཚོའི་རྒྱུག་འདུར་ལ་གེགས་བྱེད་པས་སྟབས་མི་བདེ།

གསུམ། བྱིས་པའི་ཉལ་ཚུལ།

བྱིས་པ་ཁོ་གཅིག་པུ་ཉལ་སའི་མལ་ཁྲི་ཆུང་ངུའི་སྟེང་དུ་བསྙལ་བ་ལས། ཕ་མ་དང་མལ་ཁྲི་གཅིག་ཏུ་ཉལ་ན་མི་བཟང་། དེ་མིན་བྱིས་པའི་གཉིད་ཡུན་ནི་ཉུང་མཐའ་ཡང་ཆུ་ཚོད་བཅུའི་ཡན་ལ་བསླེབ་དགོས། ང་ཚོ་དར་མ་རྣམས་ནི་མང་མཐའ་ཡང་ཆུ་ཚོད་བརྒྱད་ཙམ་ལ་གཉིད་པས་ཆོག གནད་དེ་ཕ་མ་རྣམས་ཀྱིས་ངེས་པར་ཤེས་དགོས།

བཞི། ཕ་མས་བྱིས་པ་རྩེ་རུ་འཁྲིད་དགོས།

བྱིས་པ་རྩེ་རུ་ཁྲིད་རྗེས། ཁོ་ཚོ་རང་དབང་གིས་མཆོང་རྒྱུག་བྱེད་དུ་འཇུག་པ་དང་། གླུ་ལེན་པ་དང་འུར་རྒྱག་ཏུ་འཇུག་དགོས་པ་ལས། བྱིས་པའི་ལག་མགོ་ནས་བཟུང་བཟུང་ལ་གཏན་ནས་འདུག་མི་རུང་།

ལྔ། ཁྱིམ་གྱི་ཡོ་ཆས་ཐམས་ཅད།

དཔེར་ན་སྒོ་ལུང་དང་སྒེའུ་ཁུང་གི་གཏན་ཤིང་། ཀ་ཏོ་ར། ལག་ཕྱིས་སོགས་ཡོ་ཆས་ཐམས་ཅད་བྱིས་པའི་བེད་སྤྱོད་ལ་སྟབས་བདེ་བར་གཏོང་དགོས།

བྱིས་པ་ལ་དགའ་ཚུལ་དང་གཅེས་ཚུལ། ཡང་ཕ་མའི་བརྩེ་བ་མངོན་སྟངས་ནི་གོང་དུ་དྲངས་པའི་དོན་དག་ཕྲན་ཚེགས་དེ་རིགས་ལྟ་བུའི་སྟེང་ནས་ལག་ལེན་དུ་བསྟར་རྒྱུ་གལ་ཆེ། དེ་ལྟ་མིན་པར་བྱིས་པ་གཅེས་ནོར་ལྟར་དུ་བཟུང་ནས་ཅི་འདོད་ན་དེ་བྱེད་དུ་འཇུག་པ་དང་། བྱིས་པ་ལ་ངལ་རྩོལ་དང་འགུལ་སྐྱོད་བྱེད་དུ་མི་འཇུག་པར། ཙོག་ནས་སྡོད་པ་དང་། ཞི་དུལ་འབའ་ཞིག་གི་ངང་ནས་དཔེ་ཀློག་ཡིག་འབྲི་སོགས་བྱེད་དུ་བཅུག་ན། བྱིས་པ་ནི་འགུལ་སྐྱོད་ལ་ཚད་བཀག་ཐེབས་ནས་སེམས་ཁམས་མི་སྐྱིད་པ་དང་། ཡང་ན་དཔེ་ཆ་མཐོང་མི་འདོད་པར་འགྱུར། དེ་ནི་ཤེས་བྱ་ལ་ཡར་སྐྱེད་མ་ཐོན་པའི་ཁར་ལུས་པོའང་བདེ་ཐང་མི་ཡོང་བའི་རྒྱུ་རྐྱེན་དུ་འགྲོ་ཉེན་ཆེ་བས། གཅེས་པ་ལ་གཅེས་པའི་ཐབས་དམ་པ་ཞིག་ལག་ལེན་དུ་ཆོད་པ་གལ་ཆེ།

བཞི་པ། ཕ་མས་རང་གི་མ་དག་པའི་ལྟ་སྟངས་བསྒྱུར་བར་འབད་དགོས།

ཕ་མའི་ལྟ་སྟངས་མ་དག་པ་གང་དག་ཡོད་དམ་ཞེ་ན། དཔེར་ན།

གཅིག བྱིས་པ་ལ་དར་མ་ལྟར་ལྟ་བ།

ཕ་མས་བྱིས་པ་ནི་ལུས་བོངས་ཆུང་བའི་མི་དར་མ་ཞིག་ཏུ་ལྟ་བཞིན་ཡོད། ཁོ་ཚོས་བྱིས་པའི་བྱིས་དུས་ཇེ་ཐུང་དུ་གཏོང་བར་འབད་དེ། ཁོ་ཚོ་མྱུར་དུ་བསམ་ཤེས་ཆགས་ཤིང་། དར་མའི་ལས་ཀ་བསྒྲུབ་ཐུབ་པ་ཞིག་ཏུ་འགྱུར་བར་རེམ། དེ་ལས་བྱིས་པའི་གོ་གནས་རྩ་བ་ནས་ཕྲོགས་ཡོད་ལ། བྱིས་པའི་ཁེ་ཕན་ཡང་ཡལ་བར་དོར་ཡོད་པས། བྱིས་པའི་བྱིས་དུས་ཇེ་ཐུང་དུ་གཏོང་བའི་བསམ་སྦྱོར་སྤེལ་བ་དང་། བྱིས་དུས་སུ་ལོངས་སྤྱོད་འོས་པའི་ཁེ་དབང་འཕྲོག་པ་ནི་གཏན་ནས་མི་རུང་།

གཉིས། བྱིས་པ་ནི་ཕ་མའི་རྒྱུ་ནོར་ཡིན།

ལོ་ཏོག་རུམ་གྱི་བྲོ། བྱིས་པ་རྒས་ཁའི་རྟེན། གཏམ་དཔེ་དེ་ལས་ཕ་མས་བྱིས་པ་ནི་རྒྱུ་ནོར་ཞིག་ཏུ་བལྟས་ཡོད་པ་རྟོགས་སླ། ཕ་མས་ད་ལྟ་བྱིས་པའི་ཆེད་དུ་བཏང་བའི་སྒོར་མོ་ནི་ཚོང་ལས་ཀྱི་ཕྱོགས་སུ་བཏང་བའི་མ་དངུལ་དང་འདྲ་བར། མ་འོངས་པར་སྐྱེད་ཀ་ལེན་རྒྱུ་ཡོད་པ་ཞིག་ཏུ་བསམ་ཡོད། དེ་ལས་བྱིས་པ་ནི་ཕ་མའི་ཟུར་གཏོགས་དངོས་རྫས་ལྟ་བུ་ཞིག་ལས་ཁོ་ཚོ་རང་གི་སྒེར་ཚུགས་ཀྱི་མི་གཞི་ནི་ཡོངས་སུ་ཤོར་ཡོད་པ་རེད། ལྟ་སྟངས་དེ་འདྲ་ནི་སྒེར་སེམས་སྔོན་དུ་སོང་བའི་བརྩེ་བ་ལས་བྱུང་བ་ཡིན་ལ། སྒེར་སེམས་རྨང་གཞིར་བྱས་པའི་བརྩེ་བ་ནི་བརྩེ་བ་མིན། བྱིས་པ་སྐྱོང་བ་ནི་ཕ་མའི་འགན་ཁུར་ཡིན་ལ། མི་རིགས་དང་མིའི་རིགས་ལ་ཞབས་ཞུ་བསྒྲུབས་པའང་ཡིན།

གསུམ། ཕ་མ་འགྲིག་ལ་བྱིས་པ་ནོར།

ཕ་མས་གནས་ལུགས་བདག་གིར་བྱས་ཏེ། བྱིས་པ་ལ་ཁ་ཏ་བསླབ་བྱ་གཏོང་རྐྱང་བྱེད་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། འོན་ཀྱང་། འུ་ཚོས་ཞིབ་ཏུ་བརྟག་པར་བྱས་ན། སྤྱིར་བཏང་ནོར་འཁྲུལ་མང་ཤས་ནི་ཕ་མས་བཟོ་བཞིན་ཡོད། བྱིས་པས་ཀྱང་མཚམས་རེར་ནོར་འཁྲུལ་བཟོ་ངེས་ཀྱང་། དེ་ཡང་ཕལ་ཆེར་ཕ་མའི་ནོར་འཁྲུལ་གྱིས་བསྐྱེད་པ་ཞིག་ཡིན། དེ་བས་ཕ་མས་རང་གི་ཕྱོགས་ཞེན་དོར་ནས། གནད་དོན་གང་ལ་འཕྲད་ཀྱང་སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་བྱས་ཏེ། རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་པར་བྱེད་པ་ལས་བྱིས་པ་ལ་ཁག་འགེལ་གཏན་ནས་མི་རུང་།

དེ་ལས་གཞན་ཕ་མ་རྣམས་ཀྱིས་ཆེས་བཟོ་སླ་བའི་ནོར་འཁྲུལ་ལ་ད་དུང་གཉིས་ཡོད་དེ། དང་པོ་ཕ་མ་གཉིས་ཀྱི་བར་དུ་འགལ་བ་བྱུང་ཚེ། བྱིས་པའི་མདུན་ནས་ཁ་འཛིང་བྱེད་ལ། མཚམས་རེར་ལག་འཛིང་བའང་ཡོད། དེ་ལས་བྱིས་པའི་སེམས་ལ་ཆེས་མི་སྡུག་པའི་བག་ཆགས་ངན་པ་འཇོག་པ་ཡིན། གཉིས་ནས་ཕ་མའི་སེམས་སུ་མི་སྐྱིད་པའི་དོན་དག་ཅིག་བྱུང་ཚེ། བཟའ་ཟླ་དང་འགལ་རྩོད་བྱེད་པའི་སྟབས་ཀྱང་མ་འགྲིག་ན། ཁོག་སྡུག་ཚང་མ་བྱིས་པའི་སྟེང་ལ་བྱོ་བར་བྱེད།

ནོར་འཁྲུལ་རིགས་དེ་གཉིས་བཅོ་བ་ལ། དང་པོ། རབ་ཡིན་ན་ཕ་མ་གཉིས་ཀྱིས་ཚིག་རྩོད་ལག་འཛིང་མ་བྱས་ན་བཟང་། གལ་ཏེ་ངེས་པར་དེ་འདྲ་བྱེད་དགོས་པ་བྱུང་ན། ཁྱིམ་སྒོ་བརྒྱབ་ནས་སོ་སོའི་མལ་ཁང་ནས་རྩོད་པ་བརྒྱབ་ན་བཟུང་། བྱིས་པའི་མིག་མདུན་དང་རྣ་ལམ་ནས་གཏན་ནས་དེ་ལྟར་བྱེད་མི་རུང་། གཉིས་པ། ཕ་མ་གང་ཡིན་རུང་སེམས་སུ་ཁོག་སྡུག་འདྲ་ཡོད་ན། གླུ་ལེན་པ་དང་འཆམ་འཆམ་དུ་འགྲོ་བ། ཚོང་རར་མྱུལ་བ་སོགས་ཀྱིས་རང་སེམས་ལ་སྙོམ་སྒྲིག་བྱེད་པ་ལས་ཁོང་ཁྲོ་བྱིས་པའི་སྟེང་ལ་གཏན་ནས་བཀོལ་མི་རུང་། བྱིས་པའི་མདུན་ནས་ཅོག་ཙེ་དང་རྐུབ་སྟེགས་སོགས་རྡུང་མི་ཆོག

ལྔ་པ། ཕ་མས་མ་དཔེ་ལེགས་པོ་སྟོན་ཐུབ་དགོས།

དེ་ནི་ཆེས་གནད་འགག་ཅིག་ཡིན། བྱིས་པ་རྣམས་འཇིག་རྟེན་དུ་སླེབས་དུས་ཤོག་བུ་དཀར་ཞིང་གཙང་བ་རེ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཁོ་ཚོའི་སྤྱོད་པ་ཐམས་ཅད་ནི་ཕ་མའི་ཐོག་ནས་བསླབ་པ་ཤ་སྟག་ཡིན། དེ་མིན་སྤྱི་ཚོགས་ཁོར་ཡུག་གི་ཤན་ཤུགས་ཀྱང་ལོས་ཡོད་ཀྱང་། ཕ་མའི་ཤན་ཤུགས་ནི་གཞན་དག་ཀུན་ལས་ཟབ་པ་ཡིན། ཕ་མ་ཆང་འཐུང་ལ་བྱིས་པའང་ཆང་འཐུང་། ཕ་མ་དུ་འཐེན་ལ་བྱིས་པའང་དུ་འཐེན། ཕ་མའི་བརྗོད་པ་སྨྲ་མི་དག་ཅིང་གོ་རིམ་མེད་ན་བྱིས་པའང་དེ་འདྲ་ཡིན། ལྡོག་སྟེ། ཕ་མའི་སྤྱོད་པ་བཟང་ན་བྱིས་པའི་སྤྱོད་པའང་བཟང་། དེ་བས་བྱིས་པ་གསོ་སྐྱོང་བྱེད་པ་ལ་ཕ་མ་རང་གིས་མ་དཔེ་སྟོན་ཐུབ་པར་བྱེད་རྒྱུ་གལ་ཆེ། སྐད་ཆ་འདི་ནི་ཀུན་གྱིས་གོ་སླ་ཡང་། དོན་ཐོག་ནས་དེ་ལྟར་བྱེད་ཐུབ་མཁན་ལ་བརྒྱ་ལམ་ཙམ་ན་རེ་གཉིས་ལས་མེད།

མདོར་ན། ཕ་མ་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མིན། ཕྲག་ལ་ལྷུང་བའི་ཁུར་ཤིན་ཏུ་ལྕི། བྱིས་པ་དོན་དང་ལྡན་པའི་མི་ཡག་པོ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་ན་ད་གཟོད་ཕ་མའི་ཐོབ་ཐང་དང་ལྡན། གལ་ཏེ་བྱིས་པ་ནི་ཚོད་ལྟ་བྱེད་སྤྱད་ཅིག་དང་བློས་གཏོང་བྱེད་སྤྱད་ཅིག་ཏུ་བཏང་ཚེ། དེ་ནི་དངོས་ནས་ཕ་མའི་ཉེས་པ་དང་སྤྱི་ཚོགས་ཀྱི་ཁུར་པོ་རང་ཡིན། ཕ་མ་རྣམས་ཀྱིས་ངའི་འདིར་བརྗོད་པའི་སྐད་ཆ་དག་སེམས་ལ་བཟུང་ནས། རང་གི་བྱིས་པ་གསོ་སྐྱོང་ལེགས་པོ་བྱེད་རྒྱུའི་རེ་བ་ཆེ། གལ་ཏེ་དེ་ལྟར་བྱས་ཚེ། བྱིས་པར་བདེ་སྐྱིད་ཐོབ་པར་མ་ཟད་ཕ་མ་ལ་སེམས་གསོ་ཐོབ་པར་འགྱུར། དེར་མ་ཟད་མི་རིགས་དང་སྤྱི་ཚོགས་ལ་ཡང་ཞབས་འདེགས་རླབས་པོ་ཆེ་ཞིག་བསྒྲུབས་པ་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།