ཀྲུང་གོ་བོད་ཀྱི་དྲ་བ།

མ་འོངས་མདུན་ལམ་ལ་གཏའ་མ་འཇོག་དགོས།

  རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མ་འོངས་མདུན་ལམ་ལ་གཏའ་མ་འཇོག་དགོས།

རོ་ཁུ་ཧྥེ་ལིར་གྱིས་བརྩམས།  རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

微信截图_20181206154814.jpg

སྙིང་ཉེ་བའི་རྗོན་ལགས།

ངའི་དངུལ་བསྐྱིས་ཏེ་རྐང་ཁྲོམ་དུ་ཉུལ་བ་ལ་ཁྱོད་རང་བློ་བདེ་བག་ཕེབས་སུ་གནས་མི་བྲ་བའི་རྒྱུ་མཚན་ངས་ཧ་གོ་ཡོད། ཁྱོད་རང་ལ་རྒྱལ་ཁ་འཐོབ་འདོད་ཀྱིས་བརྟས་ཀྱང་ཉེན་ཁས་གཏམས་པའི་འཇིག་རྟེན་དེ་ལས་ཕམ་འདོད་མེད་དེ། ཕར་ཤོར་བའི་དངུལ་མཐའ་དག་རང་ཉིད་ཀྱི་མིན་པར་བསྐྱིས་པ་ཡིན་པས་སྐྱེད་ཀའང་སྤྲོད་དགོས།

ཕམ་ཁ་འཁུར་མི་འདོད་པའི་སེམས་ཚོར་དེ་བདག་གིས་ལས་སྒོ་གསར་སྤེལ་གྱི་དུས་མགོ་དང་གྲུབ་འབྲས་བག་རེ་ཙམ་ཐོབ་དུས། ཧ་ལམ་ཐོག་མཐའ་བར་གསུམ་དུ་ང་རང་ལ་ཁ་དབང་བསྒྱུར་ཅིང་། ཐ་ན་ཐེངས་རེར་སྒོར་མོ་མ་བསྐྱིས་པའི་ཡར་སྔོན་དུ་གཟབ་གཟབ་དང་ཉེན་ཁའི་བར་དུ་ཡིད་གཉིས་ཟོས་ཤིང་འཕག་འཚག་བརྒྱབས་པ་དང་། མཚན་མོར་གཉིད་ཀྱང་མ་ཁུགས་པར་མལ་ཁྲིའི་སྟེང་ནས་ཆད་དངུལ་ཇི་ལྟར་གཞལ་བར་ཁོག་རྩིས་བཏང་།

མི་འགའ་ཞིག་གིས་རྒྱུན་པར་ཉེན་ཁར་མཆོངས་ན་རྟག་པར་ཕམ་ཁ་འབྱུང་ཟེར། འོན་ཀྱང་གླེན་པ་མགོ་འཁོར་དག་ནི་དེ་འདྲར་མི་སྲིད་པ་ག་ལ་ཡོད། ང་རང་གི་དཔའ་ཞུམ་ཕམ་ཁུར་བའི་རྗེས་སོར་སེམས་དཔངས་རབ་ཏུ་བསྐྱེད་དེ་སླར་ཡང་དངུལ་བསྐྱི་རྒྱུར་ཐག་གིས་བཅད། དོན་དངོས་སུ་ཡར་སྐྱེད་འབྱུང་ཆེད་ང་རང་ལ་ལམ་བུ་གཞན་གྱི་གདམ་ག་མེད་པར་དངུལ་ཁང་ལས་དངུལ་བུན་བསྐྱི་རྒྱུ་ལས་འོས་མེད།

གཅེས་པའི་བུ་ཆུང་། ང་ཚོའི་མིག་མདུན་དུ་བསྟར་ཡོད་པ་ནི་དུས་རྟག་པར་ཐབས་མཁས་ཀྱི་སྦྱོར་བས་གནད་དོན་ཁག་པོ་ཐག་གིས་གཅོད་པའི་གོ་སྐབས་མངོན་དུ་ཤར་ཡོད། དངུལ་བསྐྱི་བ་ནི་དོན་ངན་ཅིག་ལར་ནས་མིན་ཏེ། དེས་མ་རྩ་སྟོངས་སུ་མི་འཇུག་ཅིང་སྲོག་གི་སྐྱབས་དང་སྐྱོབ་མ་ཉག་ཅིག་ཏུ་མི་བསྒོམ་པར། ལག་ཆ་ཞིག་ལ་ངོས་བཟུང་གིས་ཉམས་ཉེན་པའི་སྐབས་སུ་བེད་སྤྱད་ན་གོ་སྐབས་ཇི་སྙེད་ཅིག་རེག་ཐུབ། དེ་ལྟ་མིན་ཚེ། ཁྱོད་རང་དཔའ་འཁུམ་ཕམ་འཁུར་བའི་འདམ་རྫབ་ཏུ་ལྟུང་ནས་དངངས་སྐྲག་གི་འཆིང་རྒྱས་ཕུགས་འདུན་གྱི་གཤོག་ཟུང་དམ་བསྡམས་ཏེ་དོན་གཅིག་ཀྱང་འཁྱོངས་པ་མེད།

བདག་ཤིན་ཏུ་འདྲིས་པའམ་ངོ་ཤེས་ཀྱི་ཚོང་དཔོན་དག་གི་ཁྲོད་དུ། རང་ཉིད་ཁོ་ནའི་ཉ་ངེ་ཉུང་ངེ་དང་ཉིན་གསོག་ཟླ་གསོག་གིས་དངུལ་བསགས་པ་ལས་འཕེལ་བ་ཤིན་ཏུ་ནས་ཉུང་ཞིང་མང་ཆེ་བ་ཞིག་ནི་དངུལ་བསྐྱིས་ཏེ་ཕྱུག་པོར་གྱུར། དེའི་རིགས་པ་ནི་གཏིང་ཟབ་དཔག་པར་དཀའ་བ་ཞིག་ཁྱོན་ནས་མིན་པར་སྒོར་གཅིག་གི་ཉོ་ཚོང་ནི་དུས་ནམ་ཡང་སྒོར་བརྒྱ་ཡི་ཉོ་ཚོང་གི་ཁེ་སྤོགས་དང་བསྡུར་ཐབས་མེད་པ་དེའོ། །

དངུལ་འཐོབ་པར་བྱེད་པའམ་དོན་ལྡན་གྱི་མི་ཚེ་རྙེད་པར་བྱེད་པ་གང་ཡིན་ཡང་། ཕུལ་དུ་ཕྱིན་པ་ཞིག་གིས་འགྲན་རྩོད་ཀྱི་གོ་རིམ་དུ་ཕམ་རྗེས་ཅི་བྱ་སྙམ་བཞིན་མེད་པར་དོན་འཁྱོངས་པར་ག་འདྲ་བྱ་དགོས་པར་བསམ་བཞིན་ཡོད།

དངུལ་བསྐྱི་བ་ནི་སྐལ་བཟང་རྣམ་པར་སྨིན་དུ་འཇུག་ཡིན། གལ་སྲིད་ས་ཞིང་ལེབ་མོ་ཞིག་གཏམ་མར་བཞག་ཚེ་སྒོར་མོ་གང་མཁོ་རུ་ཐོབ་ནས་ས་རྒྱ་སྔར་ལས་ཆེ་བ་བགས་གཡར་ཐུབ་ན་བདག་ནི་ཐེ་ཚོམ་སྤུ་རྩེ་ཙམ་ཡང་མེད་པར་གོ་སྐབས་དེ་ལེགས་པར་འཛིན་ངེས། ཁུ་ལི་ཧྥུའུ་དུ་ཡོད་དུས། བདག་གིས་དངོས་སྟོབས་རྒྱ་བསྐྱེད་དང་ཁུ་ལི་ཧྥུའུ་ལན་གྱི་རྡོ་སྣུམ་བཙོ་སྦྱངས་ཁམས་ཀྱི་ཁ་འཛིན་གྱི་གོ་ཐོབ་རྩོད་ཆེད་དུ་བུ་ལོན་རྫོགས་མེད་ཐེངས་མང་ཁུར་བ་མང་ཞིང་། ཐ་ན་རང་ཉིད་ཀྱི་ཁེ་ལས་དངུལ་ཁང་ལ་གཏའ་མ་འཇོག་པར་བློ་འཚབ་མེད། མཐའ་མཇུག་བདག་གིས་དོན་རབ་ཏུ་འཁྱོངས་ཏེ་མི་རྣམས་ཧ་ལས་ཧང་སངས་སུ་འཇུག་པའི་གྲུབ་འབྲས་ངོམ་རི་བ་བསྐྲུན།

གཅེས་པའི་བུ་ཆུང་། མི་ཚེ་ནི་རབས་མ་ཆད་པར་གཏའ་མ་འཇོག་པའི་བརྒྱུད་རིམ་ཞིག་ཡིན་ཏེ། མདུན་ལམ་གྱི་དོད་དུ་ལང་ཚོ་གཏའ་མར་བསྟིམས་དགོས་ཤིང་། བདེ་སྐྱིད་ཀྱི་དོད་དུ་ཚེ་སྲོག་གཏའ་མར་བསྟིམས་དགོས། བརྒྱ་ལ་ཁྱོད་རང་ཆེས་མ་མཐར་ཉེ་བར་བཅར་མི་སྤོབས་ཚེ་ཁྱོད་རང་ཕམ་ཟིན་པ་ཡིན། དོན་འཁྱོངས་པའི་སླད་དུ་ཉེན་ཁ་མཆོང་རྒྱུ་གཏའ་མར་བཞག་ཚེ་རིན་དོད་དང་ལྡན་ཞིག་མ་ཡིན་ནམ།

གཏའ་མར་འཇོག་པའི་སྐོར་གླེང་ཚེ་ཁྱོད་ལ་བརྗོད་འདོད་པ་འདི་འདྲ་འདུག་སྟེ། བདག་གིས་དངུལ་ཁང་ལས་བུ་ལོན་རྫོགས་མེད་ཅིག་བསྐྱི་དུས། གཏའ་མར་བཞག་པ་ནི་བདག་གི་ཁེ་ལས་ཁོ་ན་ཙམ་དེ་མིན་པར་ད་དུང་བདག་གི་རྣམ་དཀར་གྱི་ལྷག་བསམ་ཡང་ཡོད། བདག་གིས་གན་རྒྱ་དང་འབའ་གན་ནི་བླ་མེད་ཅིག་ཏུ་མཐོང་བཞིན་ཡོད་དེ། གན་རྒྱའི་ནང་དོན་ཚུལ་བཞིན་བསྲུངས་ཏེ་བུན་འགྱངས་གཏན་ནས་བྱས་པ་མིན། བདག་གིས་མ་རྩ་གཏོང་མཁན་དང་དངུལ་ཁང་ལས་གཉེར་པ། མགྲོན་པོ། དེ་བཞིན་འགྲན་ཡ་སོགས་ལ་ཁྱི་ཞི་རྒྱབ་གཏོད་ལར་ནས་མི་བྱ་སྟེ། ཁོ་པ་ཚོ་དང་གནད་དོན་བགྲོ་དུས་དྲང་གཏམ་མ་བཅོས་པ་ཇི་བཞིན་བརྗོད་པར་མའ་འཁྱོལ་བ་ལས་བསྙད་མེད་བསྙད་འདོགས་དང་འཁྱོག་བཤད་བསྐོར་བཤད་གཏན་ནས་མེད་པར། རྫུན་དང་རྔ་མའི་ཕུ་ཐུག་ཐུང་བ་བཞིན་བདེན་མཐའ་ཉི་མ་བཞིན་གསལ་བར་བདག་ལ་ཡིད་ཆེས་རྨ་མེད་པ་མངའ།

རྣམ་དཀར་གྱི་ལྷག་བསམ་ལས་སྨིན་པའི་ཐུགས་རྗེ་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཁུ་ལིན་ཧྥུའུ་ལན་ནས་མ་བྲལ་ཡར་སྔོན་བདག་གི་གཤིས་སྤྱོད་ལ་རྒྱུས་མངའ་ཆེ་བ་བའི་དངུལ་ཁང་ལས་གཉེར་ཁ་དག་གིས་ཐེངས་རེ་རེ་བཞིན་དུ་བདག་བསྒྲོལ་བར་དཀའ་བའི་ཉེན་ཁའི་ཀློང་ནས་ཐར་བར་སྐྱབས་དང་སྐྱོབ་མ་བྱས།

ཉིན་ཞིག་བདག་གི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་གློ་བུར་དུ་མེ་ཤོར་ཏེ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དྲན་སོས་ཀྱིན་འདུག ཉེན་སྲུང་ཀུང་ཟིས་དུས་ཡུན་ནར་འགྱངས་ཀྱིས་ཉེན་སྲུང་གི་དངུལ་ཚབ་མ་སྤྲད་པར། བདག་བློ་རབ་ཏུ་འཚབ་ཅིང་ཐོར་ཞིག་ཏུ་གྱུར་བའི་བཟོ་གྲྭ་བསྐྱར་བསྐྲུན་བྱ་བར་དངུལ་གང་འཚམ་ཞིག་མཁོ་བས་དངུལ་ཁང་བུ་ལོན་ཁ་སྣོན་མི་བྱེད་ག་མེད་བྱུང་། ད་ལྟ་དྲན་པའི་མོད་ལ་ཉིན་དེའི་དངུལ་ཁང་གི་རྣམ་འགྱུར་གྱིས་བདག་བློར་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་བསྩལ་སོང་། མ་གཞིར་ཕུགས་མི་མཐོང་བའི་དངུལ་ཁང་ལས་གཉེར་པ་དག་གི་མཐོང་ལམ་དུ་རྡོ་སྣུམ་བཙོ་སྦྱངས་ཀྱི་ལས་རིགས་ནི་ཉེན་པ་ཆེས་ཆེར་ལྡན་པའི་ལས་རིགས་ཤིག་ཏུ་གྱུར་ཡོད་པས། ལས་རིགས་གང་དེར་དངུལ་འདོན་པ་ནི་རྒྱལ་པོ་འགྱེད་པ་ལས་མེད་ཅིང་། དེའི་ཁར་བདག་གི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭར་གནོད་སྐྱོན་ཐེབས་མ་ཐག་ཡིན་གཤིས་དངུལ་ཁང་ལས་འཛིན་པ་ཁ་ཤས་ཤིག་བདག་ལ་བུ་ལོན་ཁ་སྣོན་པར་ཐེ་ཚོམ་གྱི་ངང་ནས་འཕྲལ་མ་ཉིད་དུ་བུ་ལོན་གཏོང་བར་མི་སྤོབས།

ཏག་ཏག་སྐབས་དེར་ཡ་རབས་གཤིས་བཟང་གི་མི་ཞིག་སྟེ་སྐུ་ཞབས་ཟི་ཐྲར་མན་གྱིས་ལས་བཟོ་བ་ཞིག་ལ་རང་ཉིད་ཀྱི་ཉེན་སྲུང་སྒམ་བསྣམས་ཡོང་དུ་བཅུག་སྟེ། ལས་འཛིན་ཁ་དབང་ཅན་གཞན་འགའ་ལག་གཡོབ་ཀྱིས་དྲུང་དུ་བཀུག་ནས“སྐུ་ཞབས་རྣམ་པ། འདིར་གསོན་ཅིག སྐུ་ཞབས་རོ་ཁུ་ཧྥེ་ལིར་དང་ཁོའི་ལས་རོགས་རྣམས་ནི་ཧ་ཅང་འཇོན་ཐང་ལྡན་པའི་གཞོན་ནུ་ཏག་ཏག་རེད། གལ་སྲིད་ཁོ་པ་ཚོས་དངུལ་སྔར་ལས་མང་བ་བསྐྱི་བར་འདོད་པ་ཡིན་ཚེ། བདག་གིས་ལྷན་རྒྱས་ཐེ་ཚོམ་སྤུ་ཙམ་ཡང་མི་དགོས་པར་བསྐྱི་བར་གཞེན་སྐུལ་ཞུ། གལ་སྲིད་ཁྱོད་ཀྱིས་ཉེན་སྲུང་སྔར་ལས་ཚགས་དམ་པར་འདོད་ན་འདི་རུ་ཡོད་དེ། ཅི་ཙམ་འདོད་ན་དེ་ཙམ་ཁྱེར་ཆོག”ཟེར། བདག་གིས་རྣམ་དཀར་གྱི་ལྷག་བསམ་གྱིས་དངུལ་ཁང་ལས་གཉེར་པ་རྣམས་བཀུག་པ་ཡིན།

གཅེས་པའི་བུ་ཆུང་། རྣམ་དཀར་གྱི་ལྷག་བསམ་ནི་ཐབས་ཤེས་རབ་ཅིག་དང་ཐབས་ཀྱི་བྱུས་ཤིག་ཡིན། བདག་གིས་རྣམ་དཀར་གྱི་ལྷག་བསམ་གཏད་པས་དངུལ་ཁང་ལས་གཉེར་པ་དང་མི་སྔར་ལས་མང་བ་ཞིག་གི་ཡིད་རྟོན་ཐོབ་པ་ཡིན་ཞིང་། བདག་གིས་དཀའ་སྡུག་གི་འགག་འཕྲང་རེ་རེ་བརྒལ་བས་རྒྱལ་ཁའི་བདེ་ལམ་དུ་གོམ་པ་ཟིན་པ་ཡིན།

དེ་རིང་བདག་ལ་དངུལ་ཁང་གཅིག་གི་སྐྱབས་དང་སྐྱོབ་པ་ལར་ནས་མི་མཁོ་བར་བདག་ཉིད་བདག་གི་དངུལ་ཁང་ཡིན། འོན་ཀྱང་བདག་གིས་སྐལ་བ་ཇི་སྲིད་བར་དུ་བདག་ལ་རོགས་སྐྱོར་མི་དམན་པ་མཛད་པའི་དངུལ་ཁང་ལས་གཉེར་པ་ཚོའི་བཀའ་དྲིན་ཚོར་བ་ཡིན།

ཁྱོད་ཀྱིས་མ་འོངས་པར་ཁེ་ལས་དོ་དམ་བྱེད་དགོས་ཤིང་ཁེ་ལས་གཉེར་སྐྱོང་གི་དམིགས་སྒོ་ནི་ཁེ་སྤོགས་ལེན་རྒྱུ་དེ་ཡིན་པ་ཧ་གོ་དགོས། ཁེ་ལས་རྒྱ་བསྐྱེད་ན་ཁེ་སྤོགས་ལེན་ཐུབ་མོད། ཁེ་ལས་གཏའ་མར་འཇོག་པའང་དངུལ་དོ་དམ་དང་འཁོར་སྐྱོད་ཀྱི་ལས་ཚན་འགངས་ཆེན་ཞིག་ཡིན། གལ་ཏེ་ཁྱོད་ཀྱིས་བྱེད་ནུས་གཅིག་ཁོ་ནར་དང་དོད་བྱས་ནས་བྱེད་ནུས་ཅིག་ཤོས་སྣང་མེད་དུ་བསྐྱུར་ཚེ་ཕམ་ཉེས་རྟས་མི་ཐེག་པ་འབྱུང་སྟེ། གནས་ཚུལ་ཉེས་པོ་ཡིན་ཚེ་རྒྱུ་ནོར་རྩ་སྟོངས་པར་འགྱུར་ལ། གནས་ཚུལ་ལེགས་ཤོས་བྱུང་ན་གོ་སྐབས་གང་མང་འཆོར་སྲིད།

དངུལ་དོ་དམ་འཁོར་སྐྱོད་དང་བློ་ཐག་རྦད་ཆོད་ཀྱིས་ཁེ་སྤོགས་ལེན་པ་གཉིས་ཆ་ཡོངས་སུ་མི་མཚུངས་པར་དད་འདུན་མི་མཐུན་པ་རེ་མཁོ། དངུལ་དོ་དམ་དང་འཁོར་སྐྱོད་བྱེད་པར་ངེས་པར་དུ་ཁ་ཡོད་ལག་ཡོད་དང་གྲངས་ཀ་རྩིས་གཉེར་ལ་འཇོན་དགོས་པ་ལས་དོ་དམ་དང་ཐབས་ཇུས་སྟོང་བཤད་ཁོ་ནས་མི་ཆོག བླ་མེད་ཀྱི་ཆ་དེ་ཞིབ་ཆ་ལས་མཚོན་གྱི་ཡོད་པས་གལ་སྲིད་ཞིབ་ཆ་དེ་དག་སྣང་མེད་དུ་བཞག་པའམ་ཞིབ་ཆ་དེ་དག་ལས་རིང་དུ་འགོངས་ནས། “དོན་ཙག་ཙིག”ཅི་རིགས་སུ་གྱུར་བ་གཞན་ལ་གཏད་དེ་བསྒྲུབ་བཅུག་ན་མ་མཐའ་ཡང་རང་གི་ལས་དོན་གཉེར་སྐྱོང་གི་འགན་འཁྲིའི་ཕྱེད་ཀ་སྣང་མེད་དུ་བསྐྱུར་བ་དང་ཡོངས་སུ་མཚུངས། ཞིབ་ཆ་འདོན་དུས་བྲོད་སེམས་ལ་བགེགས་དང་བར་ཆད་སྤྲོད་མི་རུང་ཞིང་། དོན་རྣམ་པར་འཁྱོངས་པར་གནད་གཉིས་སེམས་ཀྱི་གཏིང་རིམ་དུ་བསྒོ་བར་འོས་ཏེ། གཅིག་ནི་ཐབས་རྩལ་དང་ཅིག་ཤོས་ནི་ཐབས་བྱུས་ཡིན།

གཅེས་པའི་བུ་ཆུང་། ཁྱོད་རང་རླབས་ཆེན་མི་ཚེ་ཞིག་གི་གདན་ཐོབ་ཅིག་འཐོབ་པའི་ཕྱོགས་སུ་སྐྱོད་ཀྱིན་པ་དེ་ནི། ཁྱོད་ཀྱི་ཡུན་རིང་གི་དམིགས་སྒོ་ཡིན་ལ་དེར་བློ་སྤོབས་ཆེ་ནས་ཆེར་བསྐྱེད་དགོས་སོ། །

ཁྱོད་རང་སྙིང་ནས་གཅེས་པའི་ཡབ་ཆེན་ནས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།