ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་སྐྱེ་བོ།

  རྩོམ་པ་པོ། : རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་སྐྱེ་བོ།

མུ་ར་ཁ་མེ་ཧ་རུ་ཁེས(村上春树)བརྩམས། ༼   ཉི་ཧོང་།  ༽    རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།

ད་ལ་ཐུག་གི་མི་ཚེའི་ཀྱག་ཀྱོག་གི་བརྒྱུད་རིམ་རིང་མོའི་ཁྲོད་དུ། ང་རང་ཐེངས་གང་མང་ལ་དཀའ་བའི་གནས་དང་ཁག་པའི་ཡུལ་དུ་གྱར་མྱོང་། མི་ལོ་ཉི་ཤུའི་གོང་རོལ་དུ་ཨ་རིའི་ཤར་འདབས་ཀྱི་འགྲོས་མགྱོགས་གཞུང་ལམ་ཅིག་གི་སྟེང་། ངའི་རླངས་འཁོར་གྱི་སྣུམ་ཟད་པས་སྐབས་སུ་ཆུད་པ་སྨྲར་དུ་མེད།

སྐབས་དེར་རླངས་འཁོར་གསར་བ་ཞིག་བསྐོར་ཡོད་པས་སྣུམ་ཁྲའི་སྟོན་ཁབ་ལོགས་སུ་ཉལ་ལ་ཉེ་ཡང་གནས་ཚུལ་གསལ་བོར་ཤེས་ཀྱིན་མེད་པར། སྣང་ཡུལ་དུ་མ་བཞག་པར་ད་དུང་ཡུད་ཙམ་བསྐྱོད་དགོས་བསམ་ཞིང་སྙམ། འགྲོས་མགྱོགས་འཁོར་ལམ་སྟེང་སྐྱོད་བཞིན་པའི་མོད་ལ་རླངས་འཁོར་ལས་མཚན་མ་མི་ལེགས་པའི་ལྟས་ངན་གྱི་སྒྲ་ཞིག་བྱུང་སྟེ་སྒུལ་བྱེད་འཕྲུལ་འཁོར་བསྐྱོད་མཚམས་བཞག  དེ་དུས་ང་རང་གཅིག་པུ་ཕུའུ་ལིན་སི་ཏུན་ནས་ཧྥེ་མཁར་ལ་བསྐྱོད་པའི་ལམ་དུ་ཡོད།

ངས་འཚབ་འཚུབ་སྒོས་རླངས་འཁོར་ལམ་འགྲམ་དུ་སྡོད་དུ་བཅུག སྐབས་དེར་ལག་ཁྱེར་ཁ་པར་ཁྱབ་བདལ་བྱུང་མེད་གཤིས་རོགས་སྐྱོབ་རླངས་འཁོར་འབོད་ཐབས་མེད་ལ་ཉེ་ལོགས་སུ་ཁ་པར་གཏང་ས་ཞིག་ཀྱང་མི་འདུག དེ་ལྟར་ང་རང་ལྕགས་ཀྱི་དྲ་མིག་བརྒལ་ཅིང་གཞུང་ལམ་སྟེང་བབས་ཏེ། ཕྱི་རོལ་གྱི་སྣུམ་ཚིགས་ཤིག་ཚོལ་ཞིང་བཙལ་ནས་སྣུམ་ཉོས་རྗེས་ཕྱིར་ལོག་རྒྱུ་ལས་འོས་མེད།

ལྕགས་ཀྱི་དྲ་མིག་གི་ཕྱི་རོལ་འབྲོག་སྟོང་བ་སྟོང་སང་སང་དུ་འདུག་སྟེ། ཐང་རྒོད་བྱེ་མས་གང་བ་ཞིག་མིན་ཡང་མི་སེམས་ལ་དྲོད་བསྐྱིལ་ཐུབ་པའི་གནས་ཤིག་མིན། ངའི་སེམས་སུ་སྐབས་འདིར་མ་བཟང་སྙམ། ངས་ས་རྒྱུས་ལམ་ངོ་མི་ཟིན་པའི་རྐང་ལམ་ཕྲ་མོར་དེད་དེ་སོང་སོང་བའི་ཚེ་གཞི་ནས་མི་ཞིག་དང་ཕྲད་དེ"གནས་འདིའི་ཉེ་འགྲམ་དུ་སྣུམ་ཚིགས་ཤིག་ཡོད་དམ"ཞེས་དྲིས། ཁོ་ན་རེ། "མདུན་ཕྱོགས་ཀྱི་ལེ་དབར་གཅིག་གིས་ཆོད་ཙམ་གྱི་གནས་སུ་གཅིག་འདུག"ཅེས་ལན་བསྩལ། ང་རང་ལེ་དབར་གཅིག་ཙམ་ལ་བསྐྱོད་ནས་སྣུམ་ཚིགས་དེ་རུ་སྣུམ་འགྱིག་ཟོ་གང་ཉོས་རྗེས། ཁོ་ཚོར་གླ་གཏོང་རླངས་འཁོར་འབོད་དུ་བཅུག ངས་རླངས་འཁོར་བསྐོར་བའི་མི་ནག་ཁ་ལོ་བར་གནས་ཚུལ་གསལ་བོར་བཤད་པའི་ཚེ། ཁོ་རང་གིས་ཤབ་ཤུབ་ཀྱི་དགོད་གཏམ་ཞིག་བཤད་པ་སྟེ། "སྣུམ་ཟད་སོང་ངམ། ལན་ཆགས་རེད། ཧེ་ཧེ་ཧེ།"ཟེར།

ཁ་ལོ་བ་དེ་ནི་དོན་གྱིས་སྤྲོ་སེམས་ཅན་ཞིག་རེད་འདུག ང་རང་ལྕགས་ཀྱི་དྲ་མིག་བརྒལ་དུས་འགྱིག་ཟོ་ཡར་འདེགས་རོགས་བྱས་ཤིང་། གནས་དེར་འགྲེང་ནས་སྣུམ་སྒམ་ནང་སྣུམ་ཡོད་ཚད་བླུགས་ཚར་ཏེ་སྒུལ་འཁོར་འཁོར་རག་བར་ཅེར་ནས་བསྡད། སེམས་ཆུང་བྱོས། ད་སྣུམ་ཟད་དུ་མ་འཇུག ཁ་ལོ་བས་བཤད་ཞོར་དུ་ལྕགས་ཀྱི་དྲ་མིག་གི་ཕ་རོལ་ནས་ལག་པ་གཡུག་གཡུག་བྱས་ཤིང་ངས་ཀྱང་ལག་པ་གཡུག་གཡུག་བྱས། མཐའ་གཞུག ང་རང་བདེ་ལེགས་ངང་ནས་ཧྥེ་མཁར་ལ་འབྱོར་ཐུབ་སོང་། དེ་ནས་བཟུང་ངས་སྣུམ་ཁྲའི་སྟོན་ཁབ་ལ་རིག་པ་སྐྱེན་པོས་དོ་སྣང་བགྱིས་ཏེ་དོན་དེ་འདྲ་སླར་ཡང་འབྱུང་དུ་འཇུག་འདོད་མེད།

རེད་ཀྱང་ང་ལ་མྱོང་བ་ཟབ་མོ་ཞིག་བསྩལ་བ་ནི་གམ་དུ་མི་གཞན་མེད་པར་ང་རང་གཅིག་པུ་ཡིན་པ་སྟབས་ལེགས་སོང་། རང་གཅིག་པུ་དཔལ་མགོན་སྡོང་གྲོགས་མེད་པར་མགོན་མེད་སྐྱབས་བྲལ་དུ་ས་རྒྱུས་ལམ་ངོ་མི་ཟིན་ས་ཞིག་ནས། ཁ་སྐྱེངས་པོའི་དོན་འདི་འདྲ་ཞིག་ལ་ཕྲད་པར་སེམས་སུ་དངངས་འཕྲོ་ཞིག་ཅིས་ཀྱང་ཡོད་ངེས་མོད། ཡིན་ཀྱང་གལ་སྲིད་ལྕམ་ལགས་དང་མཛའ་མོ་མཉམ་དུ་ཡོད་ཚེ་འདི་འདྲའི་སླ་པོ་ཞིག་མིན་པ་ཁ་ནང་ལྕེ་རྒྱུས་རེད། གལ་ཏེ་ལྕམ་ལགས་ཡིན་ན་མ་མཐའ་ཡང་ལེ་བདའ་དང་འཁང་ར་རྫོགས་མེད་ཅིག་བྱེད་ཅིང་འཁང་རའི་རྗེས་སུ་ཞི་ཞིང་ལྷོད་འཇགས་སུ་གནས་ཐུབ་ཚེ་ལས་བཟང་སོང་བ་ཡིན། གལ་ཏེ་མཛའ་མོ་ཡིན་ཚེ་ངག་ནས་གདུང་སེམས་མཉམ་དུ་བསྐྱེད་བཟོ་བསྟན་ཏེ་དགོངས་དག་ཞུ་ཡང་། མོའི་སེམས་སུ་དངོས་གནས་གླེན་པ་ཁ་ནག་ཟེར་བ་རེད། འདིས་ཅི་ཞིག་བསམ་བཞིན་ཡོད་དམ། ཁོ་རང་དང་དགའ་རོགས་བསྒྲིགས་པ་ནི་གོལ་འཛོལ་ཅིག་རེད་འདུག་ཅེས་བསམ་ངེས། འདང་རེ་བརྒྱབ་ནའང་དཀའ་རྙོག་ཇི་འདྲ་ཆེ་ཚུལ་ཧ་རེ་གོ་ཡོང་།

ད་ལྟ་ལ་ཐུག་གི་བར། དོན་དེ་སེམས་ངོགས་སུ་དྲན་ཐེངས་རེར། "ཨ་ཧོ། སྐབས་དེར་རང་ཉིད་གཅིག་པུ་ཡིན་པ་སྟབས་ལེགས་འདུག"ཅེས་བསམ་ཞིང་སེམས་ལྷོད་ལ་བབས་ནས་དབུགས་རིང་རེ་ཕྱུང་བ་ཡིན། བུད་མེད་ཚོ་འཇིག་རྟེན་དུ་འཚོ་ཞིང་བཞེས་པར་ཚེགས་གང་མང་ལྡན་ཞིང་། སྐྱེ་བོ་དག་འཇིག་རྟེན་དུ་འཚོ་ཞིང་བཞེས་པའང་ཚེགས་མེད་ཅིག་ཡེ་ནས་མིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།