ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་སྲིད་འཛིན་སྔོན་མ་བྷོ་ཞི་ལགས་ཀྱིས་ཡབ་ཆེན་ལ་ཕུལ་བའི་མྱ་ངན་ཞུ་ཚིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཨ་རིའི་སྲིད་འཛིན་སྔོན་མ་བྷོ་ཞི་ལགས་ཀྱིས་ཡབ་ཆེན་ལ་མྱ་ངན་ཞུ་ཚིག་འབུལ་སྐབས། མཇུག་ཏུ་རང་དབང་མེད་པར་ངུ་སྐད་ཤོར་ཏེ་མགྲིན་པ་མཆི་མས་བརྣངས་བཞིན་ཡུད་ཙམ་ལ་མགོ་བོ་བྲང་ཁར་སྨད་ནས་སྡོད་དགོས་བྱུང་།

གུས་པར་འོས་པའི་སྐུ་མགྲོན་རྣམ་པ་དང་། སྲིད་འཛིན་དང་སྐུ་ལྕམ་རྣམ་པ། སྲིད་གཞུང་གི་དཔོན་པོ་རྣམ་པ། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ། ལྗེབ་དང་། ནེལ། མར་ཝུན། ཊོར་བཅས་དང་། ད་དུང་བདག་དང་བདག་གི་ཡུལ་མི་རྣམ་པ། ལྷན་རྒྱས་འདིར་ཕེབས་གནང་བྱུང་བར་ཐུགས་རྗེ་ཆེ་ཞུའོ། །

 ངས་སྔོན་ཆད་གོ་མྱོང་སྟེ་མི་ནི་རབ་ཡིན་ན་གཞོན་ནུའི་དུས་སུ་འཇིག་རྟེན་མི་ཡུལ་དང་ཁ་འབྲལ་ན་བཟང་ཚུལ་ཡོད།(ཚོགས་རར་ཉན་མཁན་དག་གད་མོ་ཤོར།) དགུང་ལོ་གྱ་ལྔར་སོན་དུས། ཡབ་ཆེན་ལ་དགའ་ཕྱོགས་ཤིག་ཡོད་པ་ནི་རང་ཉིད་ཀྱི“ལྷག་བསམ་རྟགས་ཅན”གྱི་མགྱོགས་གྲུར་ཁ་ལོ་བསྒྱུར་རྒྱུ་དེ་ཡིན། ཁོང་ཉིད་མྱུར་ཚད་འཁོར་མདའ(horsepower)སུམ་བརྒྱའི་ཐོག་བྱ་འཕུར་བ་བཞིན་དུ་རྒྱུག་སྟེ་སྤྲོ་སྐྱིད་ལྡན་པའི་ངང་ནས་ནུབ་ཀྱི་རྒྱ་མཚོ་ཆེན་པོ་བརྒལ་ནས་བསྐྱོད་དུས།  བདེ་སྲུང་པའི་གྲུ་གཟིངས་དེ་འཚབ་འཚུབ་ངང་ནས་རྗེས་སུ་འབྲངས་པའི་འོས་ལས་མེད།(སྐབས་འདིར་ཚོགས་རར་ཉན་མཁན་གྱི་དགོད་སྒྲ་བྱུང་།)

དགུང་ལོ་དགུ་བཅུའི་དུས་སུ། ཡབ་ཆེན་གྱིས་གནམ་གྲུ་ཞིག་ལས་གདུགས་བཟུང་ནས་མཆོངས་ཏེ། ཨ་རིའི་ཤར་རྒྱུད་མེན་ཁེ་ནེ་བྷོན་ཁི་ཕོར་ཐི(Main Kennebunkport)གྲོང་རྡལ་གྱི་མཚོ་འགྲམ་དུ་གནས་པའི་ཨེན(Anne)ཆོས་ཁང་དུ་བབས་ཤིང་། གནས་དེ་ནི་བདག་གི་རྨོ་མོའི་གཉེན་སྟོན་བྱེད་སའི་ཆོས་ཁང་ཡིན་པས། ཡབ་ཆེན་ལགས་རྒྱུན་པར་ཆོས་ཁང་དེར་ཕྱིན་ནས་ཕྱག་འཚལ་བཀུར་བསྟི་བྱས་ཡོད། མ་ལགས་ཀྱིས། ཡབ་ཆེན་ཁོང་ཉིད་བསམ་གཟས་ཏེ་གནས་དེར་འབབ་དོན་ནི། གདུགས་ཁུག་གི་ཁ་འབྱེད་མི་ཐུབ་པའི་བཀྲ་མི་ཤིས་པ་མི་འབྱུང་བའི་ཆེད་དུ་ཡིན་ཞེས་ཀྱལ་ཀའི་ཚུལ་དུ་དེ་ལྟར་གསུང་བར་དགའ།(སྐབས་འདིར་ཚོགས་རར་ཉན་མཁན་གྱི་དགོད་སྒྲ་བྱུང་།)

ཡབ་ཆེན་ལགས་དགུང་ལོ་དགུ་བཅུར་བཞེས་པའི་ཉིན་ཅིག་ལ། ཁོང་གི་གྲོགས་དམ་པ་བྷེ་ཁེར་གྱིསGrey Gooseརྟགས་ཅན་གྱི་རྒུན་ཆང་དམ་བེ་གང་བསྣམས་ཏེ་ཁ་ཁུ་སིམ་པོའི་ངང་ནས་སྨན་ཁང་དུ་ཡབ་ཆེན་ལ་སྙུན་འདྲི་ཞུ་བར་སླེབས་འོངས་དུས། ཡབ་ཆེན་གྱི་ཐུགས་ཤིན་ཏུ་སྤྲོ་བོ་བྱུང་སོང་ལ། རྒུན་ཆང་དེ་དང་བྷེ་ཁེར་གྱིས་མོར་ཊོན་རྩིབ་ཤ་བསྟར་མ་ཚོང་ཁང་ནས་ཉོས་འོངས་པའི་ཟས་རིགས་དག་མཉམ་དུ་བཞེས་པས་ཞེ་དྲགས་ཞིམ་པོ་བྱུང་སོང་།(སྐབས་འདིར་ཚོགས་རར་ཉན་མཁན་གྱི་དགོད་སྒྲ་བྱུང་།)

ཡབ་ཆེན་ཞལ་བཞུགས་པའི་སྔོན་གྱི་ཉིན་དག་གི་རིང་དུ་ཡང་ཁོང་གི་འཚོ་བར་ཧ་ཅང་བློ་འབྱེད་རང་བཞིན་ལྡན་ཏེ། ཁོང་ན་རྒས་བཞིན་འདུག་ཀྱང་ཞོར་དུ་ང་ཚོར་ཇི་ལྟར་ལ་རྒྱ་ཡོད་པ་དང་དགོད་བྲོ་བའི་ཉམས་འགྱུར་ལྡན་པ། སེམས་རྒྱུད་བཟང་བ་བཅས་ཀྱི་སྒོ་ནས་རྒས་རྒྱུ་དང་། མཐར་ནི་དཀོན་མཆོག་གིས་བརྩེ་བ་ཆེན་པོའི་ཐུགས་རྗེའི་ཀློང་ནས་འཚེ་བའི་དབང་ཕྱུག་ཡ་མུ་ནའི་གྲོགས་སུ་འབོད་དུས་ཀྱང་། ཇི་ལྟར་དཔའ་སྤོབས་མངའ་བའི་སྒོ་ནས་དག་པའི་ཞིང་དུ་བཞུད་པར་རེ་སྒུག་དང་སྤྲོ་སྣང་རྒྱས་ཏེ་མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག་ཐོད་དུ་བསུ་རྒྱུ་དེ་ང་ཚོར་སློབ་སྟོན་གནང་ཡོད།

བདག་གི་ཡབ་ཆེན་གྱིས་གཞོན་ནུའི་དུས་སུ་འཆི་བར་ཇི་ལྟར་གདོང་གཏོད་རྒྱུ་དེ་ཡང་རྟོགས་ཡོད། དེའི་རྒྱུ་མཚན་ནི་ཁོང་ལ་ཧ་ལམ་འཆི་བའི་མྱོང་བརྒྱུད་ཐེངས་གཉིས་ཡོད་མྱོང་སྟེ། སྐུ་ན་བཅུ་ཙམ་གྱི་དུས་སུ་རྒུན་འབྲུམ་ཐོག་གི་ཟླུམ་སྲིན་ཞིག་གིས་ཕ་ལམ་ཁོང་གི་ཚེ་སྲོག་རྨང་ནས་འཕྲོག་སོང་། ཡང་ལོ་འགའི་ཕྱིས་སུ། ཁོང་ཉིད་གཅིག་པུ་སྲོག་སྐྱོབ་ཀོ་གྲུ་ཞིག་ལ་བསྡད་ནས་ཞི་བདེ་རྒྱ་མཚོ་ཆེན་པོའི་སྟེང་གཡོ་འཁྱོམ་བྱེད་ཞོར་དུ། ཁོང་གི་སྲོག་སྐྱོབ་མི་སྣ་དག་དགྲ་ལས་རྣམ་པར་རྒྱལ་ཏེ་ཁོང་ཉིད་རྙེད་ཐུབ་པའི་གསོལ་འདེབས་བགྱིས་པ་ན། དཀོན་མཆོག་གིས་ཀྱང་ཡབ་ཆེན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ། ཡབ་ཆེན་གྱི་ལས་དབང་ལ་འདམ་ག་གཞན་ཞིག་བསྩལ་བྱུང་།

ཡབ་ཆེན་གྱི་ངོས་ནས་བཤད་ན། ཕྲན་གྱི་བསམ་པར་བསྟུད་མར་འཆི་བར་གདོང་ཐུག་པའི་མྱོང་བརྒྱུད་དེ་དག་གིས་ཡབ་ཆེན་ལ་ཚེ་སྲོག་གི་གནང་སྦྱིན་ལ་སྔར་ལས་གཅེས་འཛིན་བྱེད་དུ་བཅུག་ཡོད་སྙམ་ཞིང་། ཡབ་ཆེན་གྱིས་ཉིན་རེ་རེའི་འཚོ་བ་དེ་ཡང་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རོལ་དགོས་པའི་དམ་བཅའ་བཞག་ཡོད།

ཡབ་ཆེན་ལགས་ནི་ཧ་ཅང་ལས་བྲེལ་ཆེ་བའི་མི་ཞིག་ཡིན་ཏེ། ཁོང་ཉིད་གཅིག་པུས་རྒྱུན་ཆད་མེད་པར་འགུལ་སྐྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་ལས་བྲེལ་ཇི་འདྲ་ཆེ་ན་ཡང་། ཁོང་གིས་འཚོ་བར་བཅངས་པའི་དགའ་ཞེན་དེ་ཉེ་ལོགས་ཀྱི་མི་རྣམས་ལ་ལོངས་སྤྱོད་བྱེད་རྒྱུ་གཏན་ནས་བརྗེད་མི་སྲིད། ཁོང་གིས་ང་ཚོར་ཕྱི་རོལ་དུ་ལུས་ཕུང་སྦྱོང་བརྡར་བྱེད་པར་དགའ་ཞེན་ཡོད་དགོས་ཚུལ་སློབ་སྟོན་གནང་ཞིང་། ཁྱི་གུས་ལུས་འཁྲུད་པར་ལྟ་རྒྱུར་མོས་ལ། གཡོ་སྒྱུ་ཆེ་བའི་ཉ་འཛིན་པར་ཡང་དགའ། འདུག་ཁྲི་འཕང་ལོ་ཅན་གྱི་ཐོག་བཞུགས་དགོས་ཐུག་དུས་ཀྱང་། ཝོལ་ཁེར་གྱི་གྲུ་ཁར་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་རྔམ་བརྗིད་ཀློང་ནས་བསམ་གཞིགས་ཀྱི་མཁའ་དབྱིངས་སུ་བསྐྱོད་པར་བྱེད་དེ། སྐབས་འདིར་ནི་ཡབ་ཆེན་ཉིད་ཆེས་སྤྲོ་སྣང་ལྡན་པའི་དུས་ཡིན་ངེས།

ཁོང་གི་མཐོང་ལམ་གྱི་མཁའ་མཐའ་ནི་འོད་མདངས་འཕྲོ་ཞིང་རེ་བས་ཡོངས་སུ་ཁེངས་པ་ཞིག་ཡིན། ཡབ་ཆེན་ལགས་ནི་དངོས་ནས་བློ་སེམས་ཉམས་དགའ་བ་ཞིག་ཡིན་ཏེ། སྤྲོ་སྐྱིད་རིང་ལུགས་དེ་ལྟ་བུ་ཡིས་མི་རབས་རྗེས་མ་ལ་ཡང་བག་ཆགས་བཞག་ཡོད་ཅིང་། ང་ཚོར་ལས་དོན་ཅི་ཡིན་ཡང་འགྲུབ་མི་སྲིད་པ་མེད་པར་ཡིད་ཆེས་བརྟན་པོ་བྱེད་དུ་བཅུག་པ་དང་། ཁོང་གིས་ཡུན་རིང་དུ་དཔའ་སྤོབས་ཆེན་པོའི་གཏན་འབེབས་རེ་རེ་ལ་བརྟེན་ནས་མཐོང་རྒྱ་ཆེར་བསྐྱེད་ཡོད།

ཁོང་ནི་རྒྱལ་གཅེས་པ་ཞིག་ཡིན། མཐོ་འབྲིང་མཐར་ཕྱིན་རྗེས་སློབ་ཆེན་འགྲིམ་པའི་འཆར་གཞི་མཚམས་བཞག་སྟེ་འཛམ་གླིང་འཁྲུག་ཆེན་གཉིས་པ་བསླངས་པའི་སྐབས་ཀྱི་མཚོ་དམག་གི་འཐབ་འཛིང་གནམ་གྲུའི་ཁ་ལོ་པ་ཞིག་ཏུ་གྱུར།

ཡབ་ཆེན་ཡང་ཁོང་གི་དུས་རབས་གཅིག་པའི་མི་རྣམས་དང་འདྲ་བར། སྤྱིར་ན་ཁོང་ནི་རང་གི་བྱས་རྗེས་ཁྱབ་བསྒྲགས་བྱེད་རྒྱུར་ཁྱོན་ནས་དགའ་པོ་མེད་མོད། འོན་ཀྱང་སྤྱི་གྲགས་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཁོང་གི་སྔར་གྱི་མྱོང་བརྒྱུད་དག་ཤེས་ཡོད་དེ། ཁོང་གིས་དགྲ་ལ་ཕར་རྒོལ་བྱེད་རྒྱུ་ལག་བསྟར་བྱས་ཏེ་འོས་འགན་ཡོངས་སུ་འགྲུབ་པར་བྱས་མོད། འོན་ཀྱང་གནམ་གྲུ་མཁའ་ནས་གཏོར་ཏེ་མཚོར་ལྷུང་སོང་། ང་ཚོས་ཁོང་གི་འཐབ་གྲོགས་ཚོས་རང་སྲོག་བློས་བཏང་བ་དང་། ཁོང་གིས་སྐུ་ཚེ་གང་བོར་ཁོ་ཚོ་ཐུགས་ལ་དྲན་པ་དང་ཁོང་ཉིད་མཐར་སྐྱོབ་ཐུབ་པ་བྱུང་བའང་ཤེས་ཡོད།

དེའི་འཕྲོར། དཔའ་སྤོབས་ཆེན་པོས་གཏན་འབེབས་བྱས་པའི་དོན་དག་ཅིག་ཤོས་ནི་ཡབ་ཆེན་གྱིས་རང་གི་གཞིས་ཁྱིམ་ཆུང་བ་དེ་སྤྲོ་བག་ཕེབས་པའི་ཨ་རིའི་ཤར་རྒྱུད་ནས་ཨོ་ཌ་སིར་གནས་སྤོས་ཏེ། བདག་གི་ཕ་མ་གཉིས་ཆེར་མ་འགྱངས་པར་ཐན་པ་ཆེ་བའི་ཁོར་ཡུག་ལ་འཕྲོད་པར་གྱུར་པ་དེ་ཡིན། ཡབ་ཆེན་ནི་ཧ་ཅང་བཟོད་སྒོམ་ཅན་ཞིག་ཀྱང་ཡིན་ཏེ། ལོ་དེར་ངེད་ཚང་གིས་ཉིས་ཐོག་ཅན་གྱི་གཞིས་བྲང་ཆུང་བ་ཞིག་བུད་མེད་གཞན་ཁ་ཤས་དང་ལྷན་དུ་གླས་ཏེ་བསྡད་པ་ཡིན་ལ། གསང་སྤྱོད་ཁང་ཡང་ཐུན་མོང་གིས་བཀོལ་སྤྱོད་བྱས་པ་ཡིན། ཕྱིས་སུ་ང་ཚོས་བུད་མེད་དེ་ཚོ་ནི“དམིགས་བསལ་གྱི་ལས་རིགས”(སྨད་འཚོང་མར་གོ།བོད་འགྱུར་གྱི་མཆན།)གཉེར་མཁན་ཡིན་པ་ཤེས་ན་ཡང་།(སྐབས་འདིར་ཚོགས་རར་ཉན་མཁན་གྱི་དགོད་སྒྲ་བྱུང་།) བདག་གི་ཡབ་ཆེན་གྱིས་སྔར་བཞིན་ཁོ་མོ་ཚོར་ཐུགས་སྣང་གཤིན་པོས་ལྟ་སྟངས་འཛིན་པར་བྱེད་དེ། ཡབ་ཆེན་ལགས་ནི་བློ་གཤོགས་ཆེ་ཞིང་ཐུགས་ཤིན་ཏུ་དཀྱེལ་ཡངས་པོ་ཅན་ཞིག་ཡིན།

ཡབ་ཆེན་ལགས་ཀྱིས་ལས་རིགས་མི་མཐུན་པ་སོ་སོའི་མི་ཀུན་ལ་འབྲེལ་འདྲིས་གནང་ཡོད། ཁོང་ནི་རང་སར་གཞན་འཇོག་ཅིང་གཞན་སར་རང་འཇོག་པར་མཁས་པ་ཞིག་ཡིན། ཁོང་གིས་མི་གཞི་ལས་ཁྲག་རྒྱུད་གང་ཡིན་ལ་གཙིགས་ཆེན་མི་བྱེད་ཅིང་།  སྤྱི་ཚོགས་མུན་ནག་དང་གོམས་སྲོལ་ངན་པར་སྡང་སེམས་འཛིན་པ་ཞིག་ཀྱང་གཏན་ནས་མིན་ཏེ། ཁོང་གིས་མི་རེ་རེའི་ངོས་ནས་ལེགས་པའི་ཆ་འཚོལ་བར་མ་ཟད། ལེགས་ཆ་དེ་ཉིད་དུས་ནམ་རྒྱུན་རྙེད་ཐུབ་ངེས།

ཡབ་ཆེན་གྱིས་ང་ཚོར་སྤྱི་པའི་ལས་དོན་ལ་ཞབས་ཕྱི་སྒྲུབ་རྒྱུ་ནི་ཁྱད་དུ་འཕགས་པ་ཞིག་དང་དགོས་ངེས་ཆེ་བ་ཞིག་ཡིན་པ་སློབ་སྟོན་གནང་ཡོད་ཅིང་། ཁོང་གིས་ང་ཚོར་གཞུང་གི་ལས་འགན་འཁུར་ན་སྤྱོད་པ་གཙང་ཞིག་གཞུང་དྲང་པོ་ཞིག་ཡོང་དགོས་ཏེ། དད་མོས་དང་ཁྱིམ་ཚང་ལྟ་བུའི་རིན་ཐང་གི་ལྟ་བ་གལ་ཆེན་དེ་འདྲ་རྒྱུན་འཁྱོངས་བྱ་དགོས་པར་གསུངས་ཡོད། ཁོང་གིས་ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་སྤྱི་ཚོགས་ལ་དྲིན་འཇལ་དགོས་པ་གལ་ཆེ་བར་ཡིད་ཆེས་བརྟན་པོར་བཅངས་ཡོད་པ་དང་། ཁོང་གིས་གཞན་ལ་ཞབས་འདེགས་བསྒྲུབས་ན་རང་གི་བླ་སྲོག་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོང་བར་ཡིད་ཆེས་བྱེད། ང་ཚོར་མཚོན་ནས་བཤད་ན། ཡབ་ཆེན་ནི་ནམ་མཁའི་སྐར་ཚོགས་འོད་ཆེམ་ཆེམ་དུ་འཕྲོ་བ(the brightest of a thousands points of lightནི་ཁོང་གི་ཡབ་ཆེན་གྱིས་བཙུགས་པའི་ཁེ་སྤོགས་མི་ལེན་པའི་ལས་ཁུངས་དེར་གོ)ལས་ཆེས་གསལ་བར་འཚེར་བ་དེ་ཡིན་ངེས།

ཡབ་ཆེན་ལགས་ཕམ་ཁར་འཕྲད་དུས། ཕམ་ཁ་དེའི་འགན་ཕྲག་ཏུ་འཁུར་བར་བྱེད་ཅིང་། ཁོང་གིས་ཕམ་ཁ་ནི་ཕུན་སུམ་ཚོགས་པའི་འཚོ་བའི་ཕྱེད་ཀ་ཞིག་ཡིན་པ་ངོས་ལེན་བྱེད་ངེས། འོན་ཀྱང་། ཡབ་ཆེན་གྱིས་ང་ཚོར་ཕམ་ཁ་ཞེས་པ་འདིས་ནམ་ཡང་མི་ཚེ་ལ་མཚན་ཉིད་འཇོག་མི་རུང་བ་དེ་སློབ་སྟོན་གནང་ཡོད་ཅིང་། ཁོང་ལ་མྱོང་བ་དངོས་སུ་ཐོབ་མྱོང་བས། ཕམ་ཉེས་བྱུང་ན་དེ་ཇི་ལྟར་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་པ་རྟོགས་ཡོད།

ཡབ་ཆེན་གྱི་མི་ཚེའི་ཁྲོད་ཆག་སྒོ་མང་པོ་བྱུང་མྱོང་ཞིང་། དེ་ལས་ཆག་སྒོ་གཅིག་ནི་མི་ཚེའི་སྐྱོ་གར་ཞིག་སྟེ་ཕྲུ་གུ་བུད་མེད་ཅིག་གི་ཚེ་སྲོག་ཤོར་བ་དེ་ཡིན། ངེད་ཅག་གི་ལོ་གསུམ་ཅན་གྱི་ཨ་ཅེ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་དུས། བདག་གི་ཕ་མ་གཉིས་ལ་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེས་བྱུང་། ལྗོར་ཞི་ངེད་གཉིས་དེ་དུས་ན་ཕྲ་བས་བརྒྱུད་རིམ་དེ་གསལ་པོ་མི་དྲན་མོད། ཕྱིས་སུ་ང་ཚོས་ཤེས་གསལ་བྱུང་བ་ན། ཡབ་ཆེན་ནི་དད་མོས་ཉིད་སེམས་ཀྱི་གཏིང་རུམ་དུ་སྦ་བར་བྱེད་པ་ཞིག་ཡིན་ཏེ། ཉིན་རྒྱུན་ཨ་ཅེ་ལ་གསོལ་སྨོན་ཞུ་བཞིན་ཡོད། ལྷ་ཆེན་པོ་དང་མ་ལགས་ཀྱིས་བརྩེ་བ་ཆེན་པོའི་དྲོད་ཁོལ་བསྩལ་བས། ད་གཟོད་ཡབ་ཆེན་གྱིས་སྡུག་གི་ཁུར་བོ་ཕར་བསྐྱལ་ཐུབ་ཏེ། ཁོང་གིས་ནམ་ཉིན་མོ་ཞིག་ལ་རང་གི་གཅེས་ཕྲུག་བུ་མོ་རོ་བྷེན་པང་དུ་གཉོར་ཐུབ་པར་ཡིད་ཆེས་བྱས་ཡོད།

ཡབ་ཆེན་ནི་ཀུ་རེ་ཀྱལ་ཀ་བཤད་རྒྱུར་དགའ་བ་ཞིག་སྟེ་ལྷག་པར་དུ་རང་ཉིད་ལ་འཕྱ་སྨོད་བྱེད་རྒྱུར་དགའ། ཁོང་ཉིད་གཞན་ལ་ཀུ་རེ་ཁ་མཚར་རྩེ་རྒྱུར་དགའ་མོད། འོན་ཀྱང་གནག་སེམས་གཏན་ནས་མེད། ཁོང་གིས་ཧ་ཅང་དགོད་བྲོ་བའི་ཀུ་རེ་ཁ་མཚར་ཞིག་ཡིན་ན་དེའི་རིན་ཐང་ལ་རྩིས་མཐོང་ཆེན་པོ་བྱེད་པས། ཡབ་ཆེན་གྱིས་སེམ་སིན(ཁོང་གི་ཡབ་ཆེན་གྱི་གྲོགས་བཟང་པོ་ཞིག།བོད་འགྱུར་གྱི་མཆན།)ལ་མྱ་ངན་ཞུ་ཚིག་འབུལ་དུ་འཇུག་དོན་ཡང་དེ་ཡིན།(སྐབས་འདིར་ཚོགས་ར་ཧྲིལ་པོ་ཉན་མཁན་གྱི་དགོས་སྒྲས་ཁེངས་སོང་། བོད་འགྱུར་གྱི་མཆན།)

ཡབ་ཆེན་གྱི་གློག་རྡུལ་ཡིག་ཟམ་ནང་དུ། གྲོགས་པོ་སྐོར་ཞིག་གིས་དུས་རྒྱུན་པར་ཁོང་ལ་དགོད་གཏམ་གསར་པ་མཉམ་སྤྱོད་བྱེད་བཞིན་ཡོད། ཁོང་ལ་ད་དུང་དགོད་གཏམ་ལེགས་དམན་ལ་སྐར་གྲངས་ལྟར་དཔྱད་བསྡུར་གཏན་འབེབས་བྱེད་པའི་དཔེར་འོས་ལྗོར་ལྗེ་བྷོ་ཞི་མ་ལག་ཟེར་བ་ཞིག་ཀྱང་ཡོད་དེ། སྐར་མ་བདུན་དང་བརྒྱད་འདྲ་ལོན་བྱུང་ཚེ། དེ་ནི་ཧ་ཅང་ཐོབ་དཀའ་བ་ཞིག་ཡིན། ཡིན་ཡང་དེ་ལས་ཕལ་མོ་ཆེ་ནི་མ་རབས་ཞེན་ཆགས་ཀྱི་སྐོར་ཡིན། (ཉན་མཁན་དག་སླར་གད་མོ་ཤོར།)

ཡབ་དམ་པ་ལྗོར་ལྗེ་བྷོ་ཞི་ལགས་ཀྱིས། གྲོགས་བཟང་པོ་ལྷག་བསམ་དཀར་པོ་འོ་མའི་མདངས་དང་ལྡན་པ་ཞིག་ཇི་ལྟར་བྱ་རྒྱུ་དེ་ཤེས་ཡོད། ཁོང་ནི་གཞན་ལ་ཕངས་སེམས་མེད་ཅིང་བློ་ཁོག་དཀྱེལ་ཡངས་པས་གྲོགས་མང་པོ་ཞིག་གི་མཛའ་བརྩེ་ཐོབ་ཡོད། ཁོང་གིས་གྲོགས་རྣམས་ལ་བསྟོད་བསྐུལ་བྱེད་པ་དང་། གདུང་སེམས་མཉམ་སྐྱེད་བཅངས་པ། བཀའ་དྲིན་མཚོན་པར་བྱེད་པ་བཅས་ཀྱི་ཕྱིར་དུ་འཕྲིན་ཡིག་ཕྱག་བསྟར་མ་གྲངས་ཀྱིས་ཆོད་དཀའ་བ་མང་པོ་ཞིག་བྲིས་མྱོང་ཡོད།

ཡབ་ཆེན་ནི་གཞན་ལ་རང་རྟོགས་སྒོས་ནུས་པ་ཆེན་པོ་སྩོལ་མཁན་ཞིག་ཡིན་ཏེ། མི་མང་པོ་ཞིག་གིས་ཁྱོད་ལ་བདག་གི་ཡབ་ཆེན་ནི་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་མཛུབ་སྟོན་གནང་མཁན་དང་ཨ་ཕ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ངེས། ཁོང་གིས་གཞན་ལ་སེམས་གཏད་ནས་ཉན་ཏེ་སེམས་གསོ་བྱེད་ཅིང་། ཡབ་ཆེན་ནི་ཁོང་ཅག་གི་གྲོགས་བཟང་པོ་དེ་ཡིན། ངས་བསམ་ན་དེ་དག་གི་གྲས་སུ་རྡེན་རོལ་སི་དང་། ཐེ་ལེར་བྷི་ལན་ཐིན། ལྗེམ་ནེན་ཛི། ཨ་ནོལ་ཋིར་ཛིན་ནེ་གྷིར་བཅས་ཡོད་ལ། གཞན་ད་དུང་བློ་ཡུལ་ལས་འགོངས་པ་ཞིག་ལ་ཡབ་ཆེན་ཁོང་ཉིད་ཕམ་པར་རྒྱག་མཁན(ཨ་རིའི་འགན་རབས་ཞེ་གསུམ་པའི་སྲིད་འཛིན་བདམས་ཐོན་བྱུང་བའི་འགྲན་བསྡུར་གྱི་སྐབས་སུ་ཕམ་པར་གོ། བོད་འགྱུར་གྱི་མཆན།)གྱི་བྷེལ·ཁི་ལེན་ཐིན་ཡང་ཡོད་དེ།   ངེད་ཅག་ཕུ་ནུ་མིང་སྲིང་ཀུན་གྱིས་ཁོང་རྣམས་ང་ཚོའི་མ་གཅིག་ཕ་གཡར་ལྟ་བུའི་སྤུན་ཟླར་མཐོང་ཡོད།(ཚོགས་རར་ཉན་མཁན་དག་གད་མོ་ཤོར།)

ཡབ་ཆེན་གྱིས་ང་ཚོར་ཉིན་གཅིག་ཀྱང་སྟོང་ཟད་དུ་མི་གཏོང་བའི་བསླབ་སྟོན་གནང་ཡོད་ཅིང་། ཐ་ན་ཁོང་གིས་གྷོལ་སྤོ་རྒྱག་དུས་ཀྱང་བྲེལ་བྲེལ་འཚུབ་འཚུབ་ཏེ་འགྲོས་ཧ་ཅང་མགྱོགས་པས། ངས་དུས་ནམ་རྒྱུན་ཁོང་གྷོལ་སྤོ་རྩེ་དུས་བྲེལ་བ་དེ་ཙམ་ཆེ་དོན་ག་རེ་ཡིན་ནམ་སྙམ་ཡོད། ཁོང་གྷོལ་སྤོ་རྒྱག་མཁན་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན། ངས་དེའི་ཐད་ནས་བསྡོམས་ཚིག་ཅིག་རྙེད་པ་ནི་འདི་ལྟ་སྟེ། ཁོང་གིས་གྷོལ་སྤོ་མགྱོགས་པོར་བརྒྱབ་ཚར་རྗེས་དོན་དག་གཞན་བསྒྲུབ་པར་བྲེལ་ལངས་པ་དེ་ཡིན་ཏེ། དུས་ཚོད་སྐར་གང་ཡང་ཆུད་འཛའ་བར་མི་བྱེད་པར་ཁོང་གི་ལུས་སྟོབས་དང་སེམས་ཤུགས་ཆེན་པོ་གྲོན་པར་བྱེད་པ་ལ་བཀོལ་ཏེ་འཚོ་བ་ལོངས་སྤྱོད་བྱེད་རྒྱུ་དེ་ཡིན། ཡབ་ཆེན་ལ་སྐྱེས་པའི་ཐོག་མ་ཉིད་ནས་འཆར་འགོད་གཉིས་ཡོད་དེ། དེ་ནི་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་པ་དང་དེ་ནས་ངལ་གསོ་ཡག་པོ་བྱ་རྒྱུ་དེ་ཡིན།(ཚོགས་རར་ཉན་མཁན་གྱི་དགོད་སྒྲ་བྱུང་།)

ཡབ་ཆེན་གྱིས་ཕ་བཟང་པོ་ཞིག་དང་ཕ་མེས་བཟང་པོ་ཞིག ད་དུང་ཡང་མེས་བཟང་པོ་ཞིག་བྱས་མྱོང་བའི་དོན་སྙིང་དེ་ང་ཚོར་གསལ་པོར་བསྟན་ཡོད་དེ། ང་ཚོས་རང་ཉིད་ཀྱི་མི་ཚེའི་བཤུལ་ལམ་འཚོལ་བཞིན་པའི་དུས་སུ། ཁོང་གིས་བློ་བརྟན་འགྱུར་མེད་སྒོས་རང་ཉིད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ང་ཚོར་བསྟོད་བསྐུལ་དང་སེམས་གསོ་གནང་བ་ལས། ང་ཚོར་ཁོང་རང་ཉིད་ཀྱིས་བཀོད་པ་གཏོང་རྩིས་གཏན་ནས་མི་བྱེད། ང་ཚོས་ཁོང་གི་བཟོད་བསྲན་ལ་ཉམས་ཚོད་བླངས་མྱོང་སྟེ་སྒོས་སུ་ངས་ནི་དེ་ལྟར་བསྒྲུབས་ཡོད་པ་ཤེས་མོད། འོན་ཀྱང་ཡབ་ཆེན་གྱིས་བདག་ལ་དུས་ནམ་རྒྱུན་རླབས་ཆེ་བའི་བརྩེ་བ་ཆེན་པོའི་གནང་སྦྱིན་དེ་ཕྱིར་གླེང་མེད་དུ་སྩོལ་འོངས།

གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་མོར། ད་ནི་ཡབ་ཆེན་ལགས་མི་ཡུལ་འདིར་འཚོ་གཞེས་གནང་ཐུབ་པར་དུས་ཚོད་སྐར་མ་འགའ་ལས་ལྷག་མེད་པ་ཤེས་གསལ་བྱུང་རྗེས། ངས་ཁོང་ལ་གློག་འཕྲིན་ཞིག་བཏང་བ་ན། གམ་གྱི་གློག་འཕྲིན་དང་ལེན་བྱེད་མཁན་གྱིས་བཤད་རྒྱུར། “ངས་བསམ་ན། ཁོང་གིས་ཁྱོད་ཀྱི་སྐད་ཆ་ཐོས་ཐུབ་སྙམ་མོད། འོན་ཀྱང་ཁོང་གིས་ཉིན་གང་བོར་སྐད་ཆ་ཅི་ཡང་ལབ་མ་སོང” ཟེར། ངས“ཕ་ལགས། ཁྱེད་ཉིད་བུ་ངའི་སེམས་ཁོང་ན་ཡོད། ཁྱེད་ནི་ཕ་ཧ་ཅང་བཟང་པོ་ཞིག་ཡིན”ཞེས་སྨྲས་པ་ན། ཡབ་ཆེན་གྱིས་མི་ཡུལ་འདིར་བཞག་པའི་གསུང་ཐ་མ་དེ་ནི“བུ་ཁྱོད་ཀྱང་ཕའི་སེམས་ཁོང་ན་ཡོད”ཅེས་པ་དེ་ཡིན།     

ངེད་ཅག་ལ་མཚོན་ནས་བཤད་ན། ཡབ་ཆེན་ནི་ཧ་ལམ་ལེགས་པོ་ཀུན་རྫོགས་ཤིག་མིན་རྒྱུ་ཆེར་མེད། འོན་ཀྱང་རྩ་བ་ནས་སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་རྫོགས་ཤིག་ཀྱང་མིན་ཏེ། ཁོང་གིས་གྲུག་དབྱུག་གིས་གྲུ་གུར་བརྡེགས་དུས་ཀྱང་གྲུག་ཁུང་དུ་ཚུད་པ་ཉུང་།(སྐབས་འདིར་ཚོགས་རའི་ནང་གི་ཉན་མཁན་ཚང་མ་བཞད་གད་ཐག་གེར་སོང་། བོད་འགྱུར་གྱི་མཆན།)བྲོ་འཁྲབ་ན་ཡང་བཟང་རྒྱུ་ཆེར་མེད། ཁོང་ཉིད་ད་དུང་སྔོ་ཚལ་ཟ་རྒྱུར་ཁྱོན་ནས་དགའ་པོ་མེད་ཅིང་། ལྷག་པར་དུ་ཚོད་ལོག་དཀར་པོ(broccoliནི་མེ་ཏོག་སེར་དཀར་འབྲོག་པའི་ཆུར་བའི་ཕོན་པོ་ལྟ་བུའི་འདབས་སུ་ལོ་མ་ཆེན་པོས་བསྐོར་བའི་སྔོ་ཚལ་རིགས་ཤིག་གོ།བོད་འགྱུར་གྱི་མཆན།)ནི་ཟ་བ་ལྟ་ཞོག་མིག་གིས་ཀྱང་མཐོང་མི་འདོད་པ་ཞིག་ཡིན། ཞོར་དུ་བཤད་དགོས་པ་ཞིག་ལ། ཡབ་ཆེན་གྱིས་ཁོང་གི་སྐྱོན་ཆ་དེ་དག་ཀྱང་ངེད་ཅག་བུ་རབས་ཚ་རྒྱུད་ལ་རྒྱུད་བཞག་ཏུ་སྤྲད་ཡོད།(ཉན་མཁན་དག་གད་མོ་ཤོར།)

མཇུག་མཐར། གཉེན་བསྒྲིགས་ནས་མི་ལོ་དོན་གསུམ་ཕྱིན་ཡོད་པའི་ཡབ་ཆེན་གྱིས་སྐུ་ཚེ་གང་བོའི་བརྒྱུད་རིམ་ཁྲོད། ཕོ་སྐྱེས་བཟང་པོ་ནི་ཅི་ལྟ་བུ་ཞིག་ལ་ཟེར་བ་དེ་ང་ཚོར་གསལ་པོར་བསྟན་ཡོད་དེ། ཡབ་ཆེན་གྱིས་ཁོང་གི་མི་ཚེའི་སྐྱ་ཡ་སྟེ་བདག་གི་ཡུམ་ཆེན་ལགས་ཆུང་མར་བླངས་ཏེ། ཡུམ་ཆེན་ལ་བཅངས་པའི་བརྩེ་དུང་ལ་འགྱུར་བ་མེད་ཅིང་། འཚོ་བའི་མིག་ཆུ་དང་དགོད་སྒྲའི་ཀློང་ནས། ཁོང་གིས་ཡོད་ཚད་ཡུམ་ཆེན་ལ་ཕུལ་ཡོད།

སྐུ་ན་བགྲེས་པར་ཕྱིན་རྗེས། ཕ་ལགས་ནམ་རྒྱུན་བརྙན་འཕྲིན་ལས་ཉེན་རྟོག་སྐོར་གྱི་ལེ་ཚན་ལ་ལྟ་རྒྱུར་དགའ་ཞིང་བརྙན་འཕྲིན་གྱི་སྒྲ་སྒོ་ཡང་ཆེ་རུ་གཏོང་འོངས། (ཉན་མཁན་དག་གད་མོ་ཤོར།)  བརྙན་འཕྲིན་ལ་ལྟ་ཞོར་དུ་མའི་ལག་པར་འཇུ་བར་བྱེད་ཅིང་། མ་ལགས་ཀྱི་ཚེ་ཡིས་མ་ལྕོགས་པའི་ཕྱིས་སུ། ཡབ་ཆེན་ནི་སྡུག་བསྲན་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་མོད། འོན་ཀྱང་། ཡབ་ཆེན་གྱིས་ཆེས་སྒྲུབ་འདོད་པ་ནི་ད་དུང་མའི་ལག་ཟུང་ཐེངས་གཅིག་སྦྲེལ་འདོད་པ་དེ་ཡིན།  

ཡབ་ཆེན་གྱིས་བདག་ལ་མི་ཚེའི་བསླབ་སྟོན་ཁྱད་པར་བ་ཞིག་གནང་ཡོད་པའང་སྨོས་མ་དགོས་ཏེ། ཁོང་གིས་ང་ལ་ཇི་ལྟར་བྱས་ནས་དྲང་བདེན་སྐྱོང་བ་དང་དཔའ་སྤོབས་ལྡན་པའི་མགོ་ཁྲིད་ཅིག་ཏུ་འགྱུར་དགོས་པ་དང་། ཇི་ལྟར་དམངས་ལ་བྱམས་བརྩེ་ཡིས་ཁེངས་པའི་སྲིད་འཛིན་ཞིག་བྱ་རྒྱུ་དེ་བསླབས་ནས་ཤེས་སུ་བཅུག་ཡོད།

མི་རྣམས་ཀྱིས་ལོ་རྒྱུས་ཀྱི་གླེགས་བམ་རྩོམ་པའི་དུས་སུ། ཁོ་ཚོས་ལྗོར་ལྗེ་བྷོ་ཞི(George Herbert Walker Bush)ནི་ཨ་རིའི་རླབས་ཆེན་གྱི་སྲིད་འཛིན་ཞིག་དང་། མཁས་རྩལ་འགྲན་ཟླ་བྲལ་བའི་ཕྱི་འབྲེལ་པ་ཞིག་དང་། མཛད་རྗེས་བླ་ན་མེད་པའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཞིག་དང་། ལ་རྒྱ་དང་གཟི་བརྗིད་ལྡན་པའི་སྒོ་ནས་སྲིད་འཛིན་གྱི་ལས་འགན་ལག་བསྟར་བྱས་ཡོད་པ་ཞིག་ཡིན་སྲིད།

ཁོང་གི་སྲིད་འཛིན་གྱི་འགན་བཞེས་གཏམ་བཤད་ལས། ཨ་རིའི་འགན་རབས་ཞེ་གཅིག་པའི་སྲིད་འཛིན་འདིས་འདི་ལྟར་གསུངས་ཡོད་དེ།“ང་ཚོས་རང་གི་བྱིས་པ་ཚོར་རླངས་འཁོར་རྫིག་པོ་ཞིག་དང་ཡང་ན་དངུལ་འབོར་ཆེན་བསགས་ཡོད་པའི་དངུལ་བྱང་ཞིག་འཇོག་རྒྱུ་ཁོ་ན་ཙམ་དེ་བསམ་མི་རུང་བར། ང་ཚོས་ངེས་པར་དུ་ཁོ་ཚོར་ཇི་ལྟར་བྱས་ནས་གྲོགས་པོ་ལྷག་བསམ་ཅན་ཞིག་ཏུ་འགྱུར་དགོས་པ་དང་། ཇི་ལྟར་བྱམས་བརྩེ་ལྡན་པའི་ཕ་མ་ཞིག་ཏུ་འགྱུར་བ། ད་དུང་རང་གི་གཞིས་ཁྱིམ་དང་། སྡེ་ཁུལ། གྲོང་ཁྱེར་བཅས་ཀྱང་སྔར་ལས་ལེགས་པོ་ཡོང་བར་བྱེད་པའི་སྤྱི་དམངས་ཤིག་ཏུ་འགྱུར་བའི་རེ་བ་བྱེད་དགོས། ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་སྒྲུབ་མྱོང་བའི་མི་རྣམས་ཀྱིས་དཔྱད་འཇོག་ཅི་འདྲ་ཞིག་གནང་བར་དེ་ལས་ཀྱང་རེ་བ་བྱེད་དགོས་པ་མ་ཡིན་ནམ། འོ་ན་ང་ཚོས་རང་ཉིད་ཉེ་ལོགས་ཀྱི་མི་སུ་ལས་ཀྱང་ལེགས་འགྲུབ་འབྱུང་བར་སྐོམ་པ་ཆུ་འདོད་ལྟར་སྐྱེས་ཡོད་ཟེར་རམ། ཡང་ན་ནད་ཀྱིས་ཐེབས་པའི་ཉེ་གམ་གྱི་བྱིས་པ་ཞིག་བདེ་ཐང་དུ་ཕྱིན་ཡོད་མེད་ལ་བརྩེ་སེམས་ཀྱིས་མཚམས་འདྲི་ཞུ་བ་ཡིན་ནམ།”

ད་ནི་མང་པོ་གླེང་བར་མི་བྱ་སྟེ།  ཡབ་ཆེན་ལགས། ང་ཚོས་ཁྱེད་ཀྱི་མཛད་རྗེས་མཐའ་དག་བརྗེད་མི་སྲིད་ཅིང་། ང་ཚོས་ཁྱེད་ཉིད་དུས་ནམ་ཡང་དྲན་སྲིད། ཁྱེད་ཀྱི་ཐུགས་རྒྱུད་དྲང་པོ་དང་། བློ་དཀར་ཟོལ་མེད། སེམས་རྒྱུད་བཟང་པོའི་རྣམ་ཤེས་ཕྲ་མོ་ཉིད་དུས་ནམ་ཡང་ང་ཚོ་དང་མཉམ་དུ་ཡོད། དེ་བས་ང་ཚོས་མིག་ཆུའི་ཀློང་ནས། ཁྱེད་ཉིད་ངོ་ཤེས་པ་དང་ཁྱེད་ལ་གུས་ཞེན་བཅངས་པ་ནི་ཇི་འདྲའི་ལས་བཟང་པོ་ཞིག་ཡིན་པ་ཤེས་ཡོད། ཁྱེད་ནི་རླབས་ཆེ་ཞིང་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། བུ་ཕྲུག་ཅིག་ལ་འཛོམས་པའི་ཕ་བཟང་པོ་དེ་ཡིན་ངེས། (སྐབས་འདིར་བུ་བྷོ་ཞི་ལ་རང་དབང་མེད་པར་ངུ་སྐད་ཤོར་ཏེ་མགྲིན་པ་མཆི་མས་བརྣངས་བཞིན་ཡུད་ཙམ་ལ་མགོ་བོ་བྲང་ཁར་སྨད་དེ་སྡོད་དགོས་བྱུང་། བོད་འགྱུར་གྱི་མཆན།)ང་ཚོས། མྱ་ངན་གྱི་ཀློང་ནས་ཁྱེད་རང་མི་ཡུལ་དང་བྲལ་བར་འཛུམ་མདངས་ཀྱིས་སྐྱེལ་མ་བྱས་ཡོད། དེའི་རྒྱུ་མཚན་ནི། ད་ནི་ཡབ་ཆེན་ཁྱེད་ཀྱིས་ཨ་ཅེ་རོ་བྷེན་དང་ཡུམ་ཆེན་གཉིས་ཡང་བསྐྱར་པང་དུ་གཉོར་བཞིན་པ་ང་ཚོས་ཤེས་ཡོད་ལགས། (མཇུག་ཏུ་བུ་བྷོ་ཞི་ལགས་ཀྱིས་གདུང་བའི་མཆི་མ་བཙན་གྱིས་བསྲན་ཏེ་གར་སྟེགས་ལས་བབས་ནས་ཡབ་ཆེན་གྱི་གདུང་སྒམ་ལ་ལག་པས་རྡེག་ཙམ་བྱས།)

8.jpg

1967ལོར། བུ་བྷོ་ཞི་མཁའ་དམག་རྒྱལ་དམངས་ཉེན་རྟོག་རུ་ཁག་ཏུ་ཞུགས་རྗེས། ཡབ་ཆེན་གྱིས་གཟི་བརྗིད་ཀྱིས་ཁེངས་པའི་སྒོ་ནས་བུ་ལ་བསྟོད་བསྐུལ་གནང་བ།

9.jpg

1980ལོར། ཕ་མ་གཉིས་དང་མིང་སྲིང་ཀུན་པོ་ལྷན་འཛོམས་བྱུང་བ།

1.jpg

དྲིན་ཕ་མ་དགུང་གི་ཉི་ཟླ་ཡིན། །དེ་འཛོམས་ན་བདེ་སྐྱིད་ཅི་ཡང་འཛོམས། །

2.jpg

འཛུམ་གྱིས་ཕྱུག་པའི་ཕ་བུ་ལྷན་འཛོམས།

7.png

ཡབ་ཆེན་སྐུ་གཤེགས་རྗེས། བུ་བྷོ་ཞི་ལགས་ཀྱིས་ཡབ་ཡུམ་གྱི་རྒྱབ་གཟུགས་མངོན་པའི་འདྲ་པར་འདི་སྒེར་གྱི་པོད་ཕྲན(Twitter)དུ་སྤེལ་ནས་རྗེས་དྲན་ཞུས་པ།

4.jpg

ཨ་རིའི་སྲིད་འཛིན་བྷོ་ཞི་ལགས་ཀྱིས་མྱ་ངན་ཞུ་ཚིག་ཕུལ་ཚར་རྗེས་གདུང་བའི་མཆི་མ་དང་བཅས་ཡབ་ཆེན་གྱི་གདུང་སྒམ་ལ་ལག་པས་རེག་པ།

5.jpg

ཁྱི་གུ་དང་སྲིད་འཛིན་གྱི་མཛའ་བརྩེ།

3.jpg

ཨ་རིའི་སྔ་ཕྱིར་བཞུགས་པའི་སྲིད་འཛིན་དག་གིས་མྱ་ངན་ཞུ་བཞིན་པ།

6.jpg

ང་ཡི་སེམས་ཁོང་གི་སྲིད་འཛིན་བྷོ་ཞི་ལགས། བདེ་བར་བཞུད་ཅིག  སྐྱེ་བ་ཕྱི་མར་མཇལ་འོང་།

4.jpg

ཁྱི་གུས་སྲིད་འཛིན་ལྗོར་ལྗེ་བྷོ་ཞི་མཆོག་ལ་ཆེས་མཐའ་འཇུག་གི་སྐྱེལ་མ་གནང་བ།

2.jpg

ཨ་རིའི་སྐུལ་ཡོད་གཟུགས་ལམ་གསར་འགྱུར(CNN)ལས་རྒྱུས་ལོན་བྱུང་བ་ལྟར་ན། ཁྱི་གུ་འདི་ནི་སྲིད་འཛིན་སྔོན་མ་ལྗོར་ལྗེ་བྷོ་ཞི་མཆོག་ཞལ་བཞུགས་པའི་དུས་སུ་ཉིན་རྒྱུན་ཁོང་དང་འབྲལ་མེད་དུ་སྡོད་ཅིང་། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཀྱང་སྲིད་འཛིན་ལ་དངོས་པོ་ཕར་སྐྱེལ་ཚུར་ལེན་བྱེད་ཤེས་པ་དང་། སྒོ་འབྱེད་པ་དང་གཏད་པ། ཁ་པར་ལེན་པ། མྱུར་སྐྱོབ་འབོད་བརྡ་གནོན་པ་སོགས་ཀྱི་ཞབས་ཕྱི་སྒྲུབ་ཐུབ་པས། ཤེས་རབ་བཟང་པོ་དང་ལྡན་པའི་ཁྱི་གུ་ཧ་ཅང་ལྷག་བསམ་ཅན་ཞིག་ཡིན་ཏེ། སྲིད་འཛིན་བྷོ་ཞི་མཆོག་སྐུ་གཤེགས་རྗེས། ཁྱི་གུས་ཀྱང་ད་ནི་རང་ཉིད་གཅིག་པུ་ཤུལ་དུ་ལྷག་པ་སེམས་ཀྱི་ཚོར་བས་ཟིན་ཏེ། ཡུན་རིང་པོར་བྷོ་ཞིའི་གདུང་སྒམ་སྲུང་བཞིན་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། 

10.jpg

2018ལོའི་ཟླ12པའི་ཚེས7ཉིན། ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ཆེད་མཁས་པའི་ཚོགས་མི། ན་གཞོན་ལོ་ཙཱ་བ་བསམ་གྲུབ་ཀྱིས་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ(Cable News Network)ནས་སྤེལ་བའི་འབྲེལ་ཡོད་གཟུགས་ལམ་བརྒྱུད་དེ་དབྱིན་སྐད་ནས་བོད་ཡིག་ཏུ་བསྒྱུར།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།