ཀྲུང་གོ་བོད་ཀྱི་དྲ་བ།

མཇུག་མཐའི་གཏམ་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཝུན་དབྱི་ཏའོ།རྡོ་རྗེ་སྒྲོལ་མས(མཚོ་སྔོན་མི་རིགས་སློབ་ཆེན)བསྒྱུར།   སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་གྱི་ཡིག་ཚགས།

གཏམ་བཤད་པ། ཝུན་དབྱི་ཏའོ།(1899-1946)

གཏམ་བཤད་དུས་ཚོད། 1946ལོ།

གཏམ་བཤད་ས་གནས། སྐུ་ཞབས་ལིས་ཀུང་ཕུའུ་ལ་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་།

གཏམ་བཤད་པའི་གོ་གནས།ཀྲུང་གོའི་དམངས་གཙོའི་མནའ་འབྲེལ་མཐུན་ཚོགས་ཀྱི་སྔ་རབས་འགོ་ཁྲིད་པ་དང་སྙན་ངག་པ་གྲགས་ཅན།  ལོ་རྒྱུས་ཆེད་མཁས་པ།

         ཉིན་འདི་དག་ལ།  ཁུན་མིང་ལ་ལོ་རྒྱུས་སྟེང་ཆེས་སྐྱུག་བྲོན་ཞིང་ཁྲེལ་མེད་པའི་དོན་དག་ཅིག་བྱུང་སོང་བ་ཁྱེད་ཅག་གིས་ཀྱང་མཁྱེན་གསལ་ལྟར་རེད།   སྐུ་ཞབས་ལིས་ལགས་དོན་ངོ་མར་ཉེས་པ་ཅི་ཞིག་བསགས་ནས་ཉེས་ཅན་དུ་གྱུར་པ་ཡིན་ནམ།   ཁོང་གིས་རྩོམ་འགའ་བྲིས་ཏེ་སྐད་ཆ་འགའ་བཤད་པ་ཙམ་ཡིན་མོད།   ཁོང་གིས་བྲིས་ཡོད་པ་དང་བཤད་ཡོད་པ་དག་རྒྱུ་འབྲས་བརླག་མེད་པའི་ཀྲུང་གོ་བ་ཞིག་གི་སྐད་ཆ་ལས་མ་འདས།  ང་ཚོ་ཚང་མར་རང་ལ་དབང་བའི་འབྲི་བྱེད་ཀྱི་སྨྱུ་གུ་དང་སྨྲ་བརྗོད་ཀྱི་ངག་ཅིག་ཡོད་པས།   དོན་དངོས་དང་རྒྱུ་མཚན་གང་ཡིན་ཡང་བརྗོད་ཆོག་སྟེ།  ཅི་ཞིག་ལ་གསོད་གཏུབ་བྱ་དགོས་པ་ཡིན་ནམ།  ད་དུང་དྲང་བོ་དྲང་བཞག་གིས་ཀྱང་གསོད་མི་ཐུབ་པར་ལྐོག་ལྐོག་སུད་སུད་ཀྱིས་ལྐོག་གསོད་བྱ་དགོས་པ་ཅི་ཞིག་ཡིན།  

      དེ་རིང་འདི་ན་གསང་མྱུལ་བ་ཡོད་དམ།  ཡོད་ན་སྒོར་ཤོག   སྐྱེས་ཕོ་རབ་ཅིག་ཡིན་ན་སྒོར་ཤོག   སྒོར་བུད་ནས་ཤོད་དང་།   ཅི་ཞིག་ལ་སྐུ་ཞབས་ལིས་ལགས་བསད་པ་ཡིན་ནམ།   མི་བསད་ཀྱང་ཁས་ལེན་མི་ཕོད་པར་ད་དུང་བརྙས་བཏེགས་ཏེ།   ཅི་ཞིག་གི་“འཆལ་སྤྱོད་དོན་རྐྱེན” དང་ཅི་ཞིག་གི་གུང་ཁྲན་ཏང་གིས་གུང་ཁྲན་ཏང་བསད་པ་རེད།   དངོས་གནས་ངོ་ཚ་རེད་ཡ།   ངོ་ཚ་རེད།   འདི་ནི་ཚོགས་ཁག་ག་གེ་མོའི་ངོ་ཚ་དང་སྐུ་ཞབས་ལིས་ལགས་ཀྱི་གཟི་བརྗིད་རེད།    སྐུ་ཞབས་ལིས་ལགས་ཁུན་མིང་ནས་ལྐོག་གསོད་བྱས་པ་ནི་སྐུ་ཞབས་ལིས་ལགས་ཀྱིས་ཁུན་མིང་ལ་བསྩལ་བའི་གཟི་བརྗིད་དང་།   ཁུན་མིང་གི་མི་རྣམས་ཀྱི་གཟི་བརྗིད་རེད།

ན་ནིང་གི“གཅིག་གཉིས·གཅིག”དོན་རྐྱེན་ནི་ཁུན་མིང་གི་སློབ་མ་ཚོས་ནང་འཁྲུག་ལ་ངོ་རྒོལ་བྱེད་ཆེད་དམར་གསོད་ཐེབས་པ་ཡིན་ལ།   དེ་ཡང་གཞོན་རབས་ཤིག་གིས་ཁོ་ཚོའི་རིན་བྲལ་གྱི་ཚེ་སྲོག་ཕུལ་བ་ཡིན། ད་ལྟ་སྐུ་ཞབས་ལིས་ལགས་དམངས་གཙོའི་ཞི་བདེ་བརྩོན་ལེན་བྱེད་ཆེད་ལོག་སྤྱོད་ཕྱོགས་ཁག་གི་ལྐོག་གསོད་ཁེལ་བ་ཡིན།  ང་ཚོས་ང་རྒྱལ་གྱིས་བཤད་ཆོག་པ་འདི་ནི་ང་ཚོ་ལོ་རབས་འདིའི་འཐབ་གྲོགས་རྙིང་བས་རང་ཉིད་ཀྱི་ཚེ་སྲོག་ཕུལ་བ་ཡིན།   དོན་རྐྱེན་འདི་གཉིས་ཁུན་མིང་དུ་བྱུང་བས་ཁུན་མིང་གི་ཚད་མཐའ་མེད་པའི་གཟི་བརྗིད་དུ་བརྩིས་ཆོག

        ལོག་སྤྱོད་ཕྱོགས་ཁག་གིས་སྐུ་ཞབས་ལིས་ལགས་ལྐོག་གསོད་བྱས་པའི་གསར་འགྱུར་ཕྱོགས་བཅུར་ཁྱབ་རྗེས།    ཚང་མ་ཡིད་སྐྱོ་ཞིང་ཞེ་འཁོན་ཚད་མེད་སྐྱེས།  ངའི་བསམ་པར་ཁྲེལ་མེད་པའི་བྱ་བ་འདི་དག་ཁོ་ཚོས་ཇི་ལྟར་བསམ་པ་ཡིན་ནམ།  ཁོ་ཚོའི་སེམས་ཁམས་ཅི་ལྟ་བུ་ཞིག་ཡིན་ནམ། ཁོ་ཚོ་ལ་སེམས་ཤིག་ཡོད་དམ།   དོན་དངོས་སུ་ཤིན་ཏུ་སླ་སྟེ།   ཁོ་ཚོས་འདི་ལྟར་སྨྱོ་ཧམ་གྱིས་འཇིགས་སྐུལ་བཟོས་པ་དེ་ཏག་ཏག་ཁོ་ཚོ་རང་ཉིད་སེམས་འཚབ་པ་དང་དངངས་སྐྲག་སྐྱེས་པས་ཡིན།    དེའི་རྐྱེན་གྱིས་ཁོ་ཚོས་འཇིགས་སྐུལ་བཟོས་པ་དེ་དོན་དངོས་སུ་ཁོ་ཚོ་རང་ཉིད་ལ་འཇིགས་སྐུལ་པ་ཡིན།   གསང་མྱུལ་བ་ཁྱོད་ཚོས་འདང་ཞིག་རྒྱོབ་དང་།   ཉིན་འགའི་རྗེས་ནས་ཁྱོད་ཚོ་ཚར་སོང་བ་ཡིན། ཚར་རན་སོང་བ་ཡིན།  ཁྱོད་ཚོས་མི་འགའ་བསད་པའམ་རྨས་ན་དོན་དག་ཚར་སོང་བར་འདོད་དམ།    མི་དམངས་ལ་འཇིགས་སྣང་སྐུལ་སོང་བར་འདོད་དམ།    དོན་དངོས་སུ་རྒྱ་ཆེའི་མི་དམངས་རྣམས་ནི་བསད་མི་ཚར་བ་ཡིན།   གལ་ཏེ་དེ་ལྟར་ཆོག་ན་འཇིག་རྟེན་ནི་སྔ་མོ་ནས་མི་མེད་ལུང་སྟོང་དུ་གྱུར་ཡོད།   ཁྱོད་ཚོས་ལིས་ཀུང་ཕུའུ་གཅིག་བསད་ན་ལིས་ཀུང་ཕུའུ་ཁྲི་ཕྲག་མང་པོ་ལངས་ཡོང་བར་སྲིད།  ཁྱོད་ཚོས་མི་དམངས་ཁྲི་ཕྲག་དུ་མ་ཤོར་སྲིད།   ཁྱོད་ཚོས་བལྟས་ན་ང་ཚོར་མི་ཉུང་ཞིང་སྟོབས་ཞན་ནའང་།   ངས་ཁྱོད་ཚོར་བཤད།   ང་ཚོ་ལ་སྟོབས་ཤུགས་ཤིན་ཏུ་ཆེ།  དེ་རིང་ཐོན་པའི་མི་འདི་དག་ལ་ལྟོས་དང་།   ཚང་མ་ང་ཚོའི་མི་དང་ང་ཚོའི་སྟོབས་ཤུགས་ཡིན།   གཞན་ད་དུང་རྒྱ་ཆེ་བའི་གྲོང་མི་ཡོད།   ང་ཚོ་ལ་མི་དམངས་ཀྱི་སྟོབས་ཤུགས་ནི་རྒྱལ་དགོས་ཤིང་།   བདེན་དོན་ནི་ནམ་ཡང་ཇི་སྲིད་བར་གནས་ཐུབ་པ་ཞིག་ཡིན་པའི་གདེང་ཚོད་ཡོད།   ལོ་རྒྱུས་སྟེང་མི་དམངས་ཀྱི་མཐུ་སྟོབས་ལ་ངོ་རྒོལ་བྱས་ནས་མི་དམངས་རྩ་མེད་དུ་བཏང་བ་ཞིག་ཡོད་མི་སྲིད།   ཞི་ཐེ་ལེ་དང་མི་སུའོ་ལི་ཉི་སོགས་མཐའ་དག་མི་དམངས་ཀྱི་མདུན་དུ་འགྱེལ་སོང་བ་མིན་ནམ།  ལོ་རྒྱུས་ལ་ཕྱིར་དྲན་ཞིག་བྱོས་དང་།   ཁྱོད་རང་ལ་སྐྱིད་པའི་ཉི་མ་ག་ཙམ་ཡོད།   ཁྱོད་ཚར་སོང་།   ཁྱོད་ཚར་རན་སོང་།   ང་ཚོའི་སྐྱིད་པའི་ཉི་མ་མི་འགྱང་བར་འཆར་ལ་ཉེ།   ང་ཚོས་བལྟས་ན་སྐྱིད་པའི་ཉི་མ་ང་ཚོའི་མདུན་དུ་ཡོད་མོད།   ད་ལྟ་ཏག་ཏག་སྐྱ་རེངས་མ་ཤར་གོང་གི་ཆེས་སྨག་རུམ་གྱི་དུས་སྐབས་ཡིན་པས།  ང་ཚོ་ལ་སྨག་རུམ་འདི་དཀྲོག་ནས་སྐྱིད་པའི་ཉི་མ་བསུ་བའི་སྟོབས་ཤུགས་ཡོད།  ང་ཚོའི་སྐྱིད་པའི་ཉི་མ་ནི་ལོག་སྤྱོད་ཕྱོགས་ཁག་གི་ཚེ་ཡི་དུས་མཐའ་ཡིན།

ལོག་སྤྱོད་ཕྱོགས་ཁག་གིས་བསམ་བཞིན་དུ་ཨ་རི་དང་སུའུ་ལེན་བར་འགལ་བའི་དཀྲུག་ཤིང་འཕངས་པ་ཡིན་ལ།  འགལ་བ་འདི་བེད་སྤྱད་ནས་ནང་འཁྲུག་བསླངས་པ་ཡིན།   ཁྱོད་ཚོས་དཀྲུག་ཤིང་ཇི་ལྟར་འཕངས་ཀྱང་ཨ་རི་དང་སུའུ་ལེན་གཉིས་འཁྲུག་པར་མི་ངེས།   ད་ལྟ་ཕྱི་འབྲེལ་དཔོན་བཞིའི་ཚོགས་འདུ་བདེ་ལེགས་ངང་མཇུག་བསྒྲིལ་ཡོད།    ཡིན་ཡང་ཨ་རི་དང་སུའུ་ལེན་བར་ལ་འགལ་བ་མེད་པ་མིན་ཏེ།   ཕན་ཚུན་ལ་བཟོད་སྒོམ་དང་མཐུན་ཐབས་བྱ་དགོས།   དོན་དག་ནི་འཁྱོག་བརྗོད་རང་བཞིན་ཅན་ལས་དོན་དངོས་རང་བཞིན་མིན།  སྐུ་ཞབས་ལིས་ལགས་ཀྱི་རྔུལ་ཁྲག་དོན་མེད་དུ་བཞུར་བ་མིན།    སྐུ་ཞབས་ལིས་ལགས་ཀྱིས་རང་གི་ཚེ་སྲོག་བཏོན་སོང་ན་ང་ཚོས་ངེས་པར་དུ་དཀའ་ལས་བརྒྱག་དགོས།   “གཅིག་གཉིས·གཅིག”དོན་རྐྱེན་ཁྲོད་སྔོན་གཤེགས་དཔའ་བོ་བཞི་ཚེ་ལས་འདས་ཤིང་ན་གཞོན་འཐབ་མོ་བའི་རྔུལ་ཁྲག་གིས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བསྡུས་པ་དང་།   ད་ལྟ་སྐུ་ཞབས་ལིས་སྐུ་གཤེགས་ཏེ་ཁོང་གི་རྔུལ་ཁྲག་གིས་སྲིད་གྲོས་ཡང་བསྐྱར་བསྡུ་བར་ང་ཚོར་ཡིད་ཆེས་ཡོད།

“གཅིག་གཉིས·གཅིག”དོན་རྐྱེན་ནི་ཁུན་མིང་གི་གཟི་བརྗིད་ཡིན་པ་དང་ཡུན་ནན་མི་དམངས་ཀྱི་གཟི་བརྗིད་ཡིན། ཡུན་ནན་ལ་གཟི་བརྗིད་ཀྱི་ལོ་རྒྱུས་ཡོད་པ་དེ་ཉིད་རིང་ན་རྒྱལ་སྲུང་ལྟ་བུ་ཞིག་ཡིན་པ་སྨོས་ཅི་དགོས་ཤིང་ཐུང་ན“གཅིག་གཉིས·གཅིག”དོན་རྐྱེན་ལྟ་བུ་ཞིག་ཡིན།དེ་དག་ཡོད་ཚད་ཡུན་ནན་མི་དམངས་ལ་དབང་བ་དང་ང་ཚོས་ཡུན་ནན་གྱི་གཟི་བརྗིད་ཀྱི་ལོ་རྒྱུས་བསྲིང་དགོས། ལོག་སྤྱོད་ཕྱོགས་ཁག་གིས་དཀྲུག་ཤིང་འཕངས་ཤིང་ཁྲེལ་ངོ་ཚ་མེད།ཁྱོད་ཚོས་མཉམ་འབྲེལ་རྒྱལ་ཚོགས་སོང་བ་དང་སློབ་མ་རྣམས་དབྱར་གནང་བཏང་བ་མཐོང་ནས་ང་ཚོར་སྟོབས་ཤུགས་མེད་མ་འདོད།གསང་མྱུལ་བ་རྣམ་པ།ཁྱོད་ཚོ་དངོས་གནས་འཆུགས་སོང་།ཁྱོད་ཚོས་དེ་རིང་གི་ཚོགས་ཐོག་ཏུ་ཐོན་པའི་ན་གཞོན་སྟོང་ཕྲག་དུ་མས་ལག་རྡང་སྦྲེལ་ཡོད་པ་མཐོང་མེད་དམ།ང་ཚོ་ཁུན་མིང་གི་ན་གཞོན་རྣམས་ཀྱིས་ཁྱོད་ཚོར་འདི་ལྟར་གཏུམ་སྤྱོད་གཏན་ནས་བྱེད་དུ་མི་འཇུག

ལོག་སྤྱོད་ཕྱོགས་ཁག་ཚོས་མི་གཅིག་འགྱེད་ན་མི་ཁྲི་ཕྲག་དུ་མ་ཡར་ལངས་ཡོང་བ་ཤེས་དགོས་ཨང་། བདེན་དོན་ནི་གཏན་དུ་གནས་པས་དེ་ཉིད་གཞོམ་གཞིག་བྲལ་བ་ཡིན། ལོ་རྒྱུས་ཀྱིས་ཁུན་མིང་ལ་ལས་འགན་སྤྲད་པ་ནི་དམངས་གཙོའི་ཞི་བདེ་བརྩོན་ལེན་བྱ་རྒྱུ་དེ་ཡིན་ལ།ང་ཚོ་ཁུན་མིང་གི་ན་གཞོན་རྣམས་ཀྱིས་ངེས་པར་དུ་ལས་འགན་འདི་འགྲུབ་པར་བྱ་དགོས། ང་ཚོ་ལ་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཡོད་པས་ང་ཚོ་འཆི་བར་མི་སྐྲག ང་ཚོ་ནམ་ཞར་སྐུ་ཞབས་ལིས་ལགས་དང་མཚུངས་པར་གོམ་པ་སྔ་མ་སྒོ་གླེགས་ལས་བརྒལ་ན་ཕྱི་མ་བརྒལ་བར་ཐེ་མི་ཚོམ་པ་ཞིག་དགོས།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཝུན་དབྱི་ཏའོ། དངོས་མིང་ལ་ཝུན་ཅ་ཧྭ། ཧའོ་པེའི་ཞི་ཧྲུའི་མི་ཡིན། 1912ལོར་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད། 1922ལོར་ཨ་རིར་སློབ་སྦྱོང་ལ་ཕེབས་ཤིང་། སྔ་རྗེས་སུ་ཀྲི་ཅི་ཀོའི་མཛེས་རྩལ་སློབ་གླིང་དང་ཁོའོ་ལུའོ་ལ་ཏུའོ་སློབ་ཆེན་གྱི་མཛེས་རྩལ་སྡེ་ཁག་ཏུ་སློབ་སྦྱོང་བྱས་པའི་ཞོར་དུ་རྒྱལ་གཅེས་ཡུལ་དུངས་ཀྱི་སྙན་ངག་མང་པོ་བརྩམས། 1925ལོར་ཕྱིར་རང་རྒྱལ་དུ་ལོག་སྟེ་པེ་ཅིང་སྒྱུ་རྩལ་ཆེད་སྦྱོང་སློབ་གྲྭའི་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 1927ལོར་ཝུའུ་ཧན་རྒྱལ་དམངས་གསར་བརྗེ་རུ་ཁག་གི་ཆབ་སྲིད་པུའུ་རུ་བྱ་བ་གཉེར་བ་དང་།ནན་ཅིན་གོ་ལི་ཀྲུང་ཧྲན་སློབ་ཆེན་གྱི་ཕྱི་ཡིག་ཚན་ཁག་གི་ཀྲུའུ་རིན་གྱི་ལས་གནས་སུ་ཞུགས།   1928ལོར་“ཟླ་གསར་ཚགས་པར་ཁང་”གསར་འཛུགས་བྱས་ཤིང་ཞུས་ཀྲི་མོ་སོགས་དང་མཉམ་དུ《ཟླ་གསར》དུས་དེབ་གསར་དུ་བཏོན་པ་དང་ལོ་དེར་སྙན་ངག་དེབ་ཚོགས་《འཁྱིལ་ཆུ》ཞེས་པ་པར་དུ་བསྐྲུན། དེའི་རྗེས་ནས་སྙན་ངག་གསར་རྩོམ་བྱེད་པ་བསྐྱུར་ནས་རིག་གཞུང་ལ་འབད་འབུངས་བྱས་ཏེ། སྔ་རྗེས་སུ་ཝུའུ་ཧན་སློབ་ཆེན་དང་ཆིང་ཏའོ་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་གླིང་གཙོ་དང་། ཆིང་ཧྭ་སློབ་ཆེན་གྱི་ཀྲུང་གོའི་སྐད་ཡིག་གི་དགེ་རྒན་ཆེན་མོའི་འགན་བཞེས། འཇར་འགོག་དམག་འཁྲུག་གི་དུས་སུ། སྙན་ངག་པས་སྣེ་ཁྲིད་དེ་པེ་ཅིང་ནས་ཆས་པའིསློབ་མ་ཚོ་རྐང་ཐང་གིས་ཡུན་ནན་དུ་བསྐྱོད་ཅིང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ཀྲུང་གོའི་སྐད་ཡིག་གི་དགེ་རྒན་ཆེན་མོའི་ལས་གནས་སུ་ཞུགས།   1944ལོར་ཀྲུང་གོའི་དམངས་གཙོའི་མནའ་མཐུན་ཚོགས་པར་ཞུགས།   1946ལོའི་ཟླ་7པའི་ཚེས་15ཉིན། སྙན་ངག་པས་གོ་མིན་ཏང་གིས་ཀྲུང་གོའི་དམངས་གཙོའི་མནའ་མཐུན་ཚོགས་མི་ལིས་ཀུང་ཕུའུ་ལྐོག་གསོད་བྱས་པར་ངོ་རྒོལ་བྱས་ནས། སྐུ་ཞབས་ལིས་ལགས་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་གྲགས་པ་འབར་བའི《མཇུག་མཐའི་གཏམ་བཤད》ཅེས་པ་གཏམ་བཤད་གནང་བས། ཡུལ་ལ་ལོག་པའི་ལམ་བར་དུ་གོ་མིན་ཏང་གི་གསང་མྱུལ་བས་མེ་མདས་བསད།

བརྩམས་ཆོས་རོལ་མྱོང་།

  1946ལོའི་ཟླ་2པར། གོ་མིན་ཏང་གིས་ཁྲུང་ཆིང་དུ་ཡ་ངའི་དོན་རྐྱེན་བཟོས་ཏེ་ལི་ཀུང་ཕུའུ་དང་ཀོའུ་མོའུ་རུའོ་སོགས་གསང་མྱུལ་བས་ཉེས་རྡུང་བཏང་ནས། རྒྱལ་ཡོངས་ཀྱིས་གོ་མིན་ཏང་གི་ལང་སྤྱོད་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་ལས་འགུལ་བསླངས། དེའི་རྗེས་ནས།ལིས་ཀུང་ཕུའུ་ཕྱིར་ཁུན་མིང་དུ་ལོག་སྟེ་དམངས་གཙོའི་ཆེད་དུ་ཡར་རྒྱུག་མར་རྒྱུག་བྱས། ཁུན་མིང་གི“དག་ཐེར”སྐབས་སུ། ལིས་ཀུང་ཕུའུ་ཡི་མིང་གོ་མིན་ཏང་གི་གསང་མྱུལ་བས་ལྐོག་གསོད་བྱེད་པའི་ཐོག་མའི་མིང་དུ་ཚུད། གྲོགས་པོ་མང་པོས་གནས་སྐབས་སུ་བྲོས་བྱོལ་བྱོས་ཞེས་པའི་ཁ་ཏ་བྱས་མོད། ཁོ་ལ་སྔར་བཞིན་“ཁྱོད་ཤི་ང་གསོན”གྱི་ཟིལ་ཤུགས་ལྡན། ཁོས་བཤད་རྒྱུར“དམངས་གཙོའི་ལས་འགུལ་གཉེར་མཁན་ཞིག་ཡིན་ན་གོམ་པ་སྔ་མ་སྒོ་གླེགས་ལས་བརྒལ་ན་ཕྱི་མ་བརྒལ་བར་ཐེ་མི་ཚོམ་པའི་ཆོད་སེམས་ལྡན་དགོས”ཟེར། ཟླ་7པའི་ཚེས་11གི་ཆར་བ་འབབ་པའི་མཚན་མོར། ལིས་ཀུང་ཕུའུ་གོ་མིན་ཏང་གི་གསང་མྱུལ་བའི་མེ་མདའ་ལས་ཐར་ཐབས་མ་བྱུང་།

འདི་ནི་སྐད་གྲགས་ཅན་གྱི་གཏམ་བཤད་ཅིག་ཡིན་ཏེ། སྔོན་གཤེགས་དཔའ་བོ་དང་དྲང་བདེན་སྐྱོང་མཁན་དག་གིས་རྔུལ་ཁྲག་སིམ་ཡོད།གཏམ་བཤད་འདི་ནི་ལྐོག་གསོད་བྱས་པའི་དོན་དུ་བྱུང་ཞིང་།གཏམ་བཤད་མཇུག་བསྒྲིལ་ཏེ་ཅང་མ་འགོར་བར། གཏམ་བཤད་པ་ཝུན་དབྱི་ཏའོ་ཡང་གོ་མིན་ཏང་གི་ལོག་སྤྱོད་ཕྱོགས་ཁག་གི་གསང་མྱུལ་བས་ལྐོག་གསོད་བྱས་པས་རྒྱལ་ཡོངས་ནས་གྲགས་འགུལ་ཆེན་པོ་བྱུང་། གཏམ་བཤད་འདི་ལིས་ཀུང་ཕུའུ་ཡི་མྱ་ངན་ཞུ་བའི་ཚོགས་འདུའི་སྟེང་སྤེལ་བ་དང་། གཏམ་བཤད་ཚོགས་ར་དང་ནང་དོན་ཤིན་ཏུ་འཚམ་པོ་ཡིན། ཝུན་དབྱི་ཏའོ་ཡིས་གསུངས་པ་ཡོད་ཚད་ཁོ་རང་ཉིད་ཀྱིས་བརྒྱུད་པའི་དོན་དངོས་ཡིན་ལ་ཉན་མཁན་རྣམས་ཀྱིས་ཀྱང་ཤེས་གསལ་ལྟར་ཡིན། གཏམ་བཤད་པ་དང་ཉན་མཁན་ཚང་མའི་བསམ་ཚུལ་གཅིག་མཐུན་ཡིན་པས་གཏམ་བཤད་ལ་བློ་འགུག་གི་ནུས་པ་དྲག་པོ་ལྡན། གཏམ་བཤད་ལས་རང་བཞིན་དྲང་བོའི་ངང་ཐོག་མ་ནས་དོན་དངོས་བརྗོད་པ་དང་གནད་དོན་འདོན་པ། ཤུགས་དྲག་ཅིང་དཔའ་ངར་བསྐྱེད་པ། དྲང་བདེན་གྱི་དོན་དུ་ཞུམ་མེད་ཀྱི་དཔའ་ངར་སྟོན་པ། འཐབ་རྩོད་དང་སྐུལ་འདེད་ཀྱི་ནུས་པ་དྲག་པོ་ལྡན། འདི་ནི་དྲང་ཐད་ཀྱི་འཐབ་རྩོད་ཅིག་སྟེ། “དེ་རིང་འདི་ན་གསང་མྱུལ་བ་ཡོད་དམ།  ཡོད་ན་སྒོར་ཤོག   སྐྱེས་ཕོ་རབ་ཅིག་ཡིན་ན་སྒོར་ཤོག   སྒོར་བུད་ནས་ཤོད་དང་།   ཅི་ཞིག་ལ་སྐུ་ཞབས་ལིས་ལགས་བསད་པ་ཡིན་ནམ།   མི་བསད་ཀྱང་ཁས་ལེན་མི་ཕོད་པར་ད་དུང་བརྙས་བཏེགས་ཏེ།   ཅི་ཞིག་གི་‘འཆལ་སྤྱོད་དོན་རྐྱེན’དང་ཅི་ཞིག་གི་གུང་ཁྲན་ཏང་གིས་གུང་ཁྲན་ཏང་བསད་པ་རེད།   དངོས་གནས་ངོ་ཚ་རེད་ཡ།   ངོ་ཚ་རེད།” བྲག་རི་ཐང་ལ་བསྙལ་ཞིང་རྒྱ་མཚོ་སྐམ་ལ་འདོན་པའི་བསྐོར་བའི་རྒྱན་དང་རྩོམ་ཡིག་ཧྲིལ་བོའི་དོགས་འདྲི་ལ་ཞེ་སྡང་གི་ལེ་བདའ་དང་བརྗིད་ཉམས་ཀྱིས་བྱུགས། དེའི་ཁྲོད་“མི་དམངས་ཀྱི་སྟོབས་ཤུགས་ནི་རྒྱལ་དགོས་ཤིང་།   བདེན་དོན་ནི་ནམ་ཡང་ཇི་སྲིད་བར་གནས་ཐུབ་པ་ཞིག་ཡིན ”པ་དང་། ལྷག་པར་དུ་“གོམ་པ་སྔ་མ་སྒོ་གླེགས་ལས་བརྒལ་ན་ཕྱི་མ་བརྒལ་བར་ཐེ་མི་ཚོམ་པ་ཞིག་དགོས་པ”སོགས་མི་རྣམས་ཀྱིས་ངག་ཏུ་རྒྱུ་བའི་སྙན་ཚིག་གྲགས་ཅན་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།