ཀྲུང་གོ་བོད་ཀྱི་དྲ་བ།

ངེས་མེད་སྙན་ཚིག

ཡོང་ཁུངས། : 《སྦྲང་ཆར》   རྩོམ་པ་པོ། : མན་ཇུ་རྒྱལ་རབས་སྐབས་ཀྱི་ཆེ་གེ་མོས་བརྩམས།སངས་རྒྱས་ཀྱིས་བསྒྱུར།   སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོང་ཙེ་མང་ན་དགའ་བའི་ངེས་པ་མེད། །

ནོར་ནི་སེམས་ངལ་རྒྱུ་དང་བདུད་ཀྱི་གྲོགས། །

དངུལ་ཁུག་སྟོངས་པ་ངོ་ཚའི་གནས་མ་ཡིན། །

གང་གཱའི་བྱེ་མས་ཕྱུག་པ་སངས་རྒྱས་ཡིན། །


སྔོ་ལྗང་དཔྱིད་དཔལ་ཡིན་པའི་ངེས་པ་མེད། །

སྡོང་སྐམ་གཅེར་བུ་ལས་ཀྱང་སྙིང་བོ་མཚོན། །

དེ་རིང་བཏང་སྙོམས་སྒོམ་པའི་ཐབས་ཟིན་པས། །

མདུན་གྱི་བདུད་མོ་མཛེས་མར་འགྱུར་བ་མཐོང་། །


གྲགས་པ་ཐོབ་ཀྱང་གོ་གནས་འཕར་ངེས་མེད། །

འདམ་སྐྱེས་རྩྭ་ཕྲན་ཆུང་ཡང་སྐྱེ་སྟོབས་འབར། །

རི་མགོའི་རྩྭ་ལྗང་བསྐམས་ཀྱང་སོས་པར་འགྱུར། །

མི་ཡི་ཡུལ་འདིར་སྐྱིད་སྡུག་རེས་མོས་འཁོར། །


དར་ལ་དྲག་པ་རྟག་པའི་ངེས་པ་མེད། །

བཟང་བཏུང་ངན་ངོན་སྐྱིད་པའི་རྒྱུ་རུ་འགྱུར། །

དྲང་སྲོང་ལ་ནི་ཚེ་ཐུབ་མན་ངག་ཐོབ། །

སྣོད་བཅུད་མཐུན་སྡེབ་བྱེད་མཁས་གྲུབ་པ་ཡིན། །


བག་ཕེབས་གྱུར་ན་ལྷ་ཡིན་ངེས་པ་མེད། །

རྣལ་འབྱོར་ཉིད་ནི་སྒོམ་ལས་བྱུང་བ་ཡིན། །

ཉི་ཟེར་ཚ་ཞིང་འཁྲིས་ཀྱི་རྫིང་བུ་བསིལ། །

ཆུ་སྐྱེས་པད་མ་མཚར་ཞིང་སྙིང་དུ་སྡུག །


            1998ལོའི《སྦྲང་ཆར་》དེབ་དང་པོའི་སྟེང་བཀོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།