ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ་དང་དངོས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀའོ་མའོ་རའོ་ཡིས་བརྩམས།སྐལ་བཟང་རིན་ཆེན་གྱིས་བསྒྱུར།   སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོད།

མདང་དགོང་ཟླ་ཟེར་དང་མཚུངས་པའི་ཉི་འོད་ཀྲའོ་ཧྥིན་སྤྱི་གླིང་ལ་འཕྲོས་ཤིང་རྐང་འཐུང་ཡོད་ཚད་ཀྱིས་རང་ཉིད་ཀྱི་བག་ཕེབས་གཤིས་འཇམ་ལ་བསྟོད་བསྔགས་བྱེད་ཅིང་གདའ། ཕྱེ་ལེབ་དཀར་པོ་དང་སེར་པོའི་ཚོགས་ནི་དྲི་ཞིམ་བསུང་ངད་འཐུལ་བའི་མེ་ཏོག་གི་ཚོམ་བུའི་ཁྲོད་ན་འཕུར་ལྡིང་གི་གར་ལ་རོལ། ཁོ་ཚོས་ཁྲ་ཆིལ་མེ་ཏོག་གི་གང་བུ་དེ་དག་རང་ཉིད་ཀྱི་སྲིང་ཆུང་ལྟར་འཛིན་ལ། འཕུར་སྐྱོད་ཀྱིས་ཞིམ་པའི་འོ་ཞིག་བྱས་རྗེས་སྐུལ་མའི་ཚུལ་དུ“ཨ་ཅེ་སྲིང་མོ་ཚོ། འཕུར་ཡ། འཕུར་ཤོག ཉིན་རྒྱུན་ཡལ་གའི་སྟེང་ནས་མི་འདུག་པར། ང་ཚོ་མཉམ་དུ་འཕུར་དང་། ཉི་འོད་ནི་ཅི་འདྲའི་དྲོ་ཞིང་འཇམ་ལ། མཁའ་དབུགས་ནི་ཅི་འདྲའི་དྭངས་ཤིང་གཙང་ཨང་།”ཟེར་བ་དང་མཚུངས། ཡིན་ཡང་མེ་ཏོག་རྣམས་ཀྱིས་ཡལ་གའི་སྟེང་ནས་མགོ་བོ་གཡུགས།

རྒྱབ་ལྗོངས་དེ་ལྟ་བུའི་ཁྲོད་ང་རང་དར་ཤིང་གི་བསིལ་འོག་ནས་བསྡད་ཅིང་ཐེར་ཀོར་གྱི་དབྱིན་ཡིག་སྙན་ངག་ཅིག་བཀླགས་པ་ཡིན།

སྙན་ངག་དེའི་ནང་ཞོགས་པར་ཁོ་རང་མེ་ཏོག་ལྡུམ་རར་བསྐྱོད་དུས་བུད་མེད་ལོང་བ་ཞིག་གིས་ཁོ་ལ་མེ་ཏོག་ཆུན་པོ་ཞིག་བྱིན་སོང་ཞེས་བྲིས་འདུག

ངས་དེ་ནི་ཁོའི་རྟོག་བཏགས་ཀྱི་མཚོན་བྱེད་ཅིག་དང་བུད་མེད་ལོང་བ་དེ་ནི་རང་བྱུང་གི་མཛེས་སྡུག་ཡིན་པ་རྟོགས།

ངས་འདི་ལྟར་བསམ་བཞིན་པའི་ཚེ་ངའི་མཐོང་ལམ་གྱི་ཕྱེ་ལེབ་ཡོད་ཚད་ཡིད་འོང་གི་བུད་མེད་ལ་གྱུར་ཅིང་དྲི་ཞིམ་བསུང་ངད་འཐུལ་བའི་མེ་ཏོག་མཐའ་དག་ཆུན་པོར་བྱས་རྗེས། ངའི་ལུས་སྟེང་དུ་གཏོར་བྱུང་།

དེ་ནས་ང་རང་མེ་ཏོག་ལྡུམ་རའི་དུར་ཁྲོད་དུ་སྦས་བྱུང་།

དེ་ནི་ཆ་མི་ཚང་བའི་རྨི་ལམ་གྱི་རྒྱབ་ལྗོངས་ཤིག་ཡིན་ནའང་། ཅི་འདྲའི་བློ་དང་འཚམ་པའི་རྨི་ལམ་གྱི་རྒྱབ་ལྗོངས་ཤིག་རེད་ཨང་།

སྨད།

དེ་རིང་ཞོགས་པར་སྔ་མོ་ནས་ལངས་ཏེ་ཅིན་ཨན་དགོན་པའི་མདུན་གྱི་ཐང་ཆེན་ལ་འཆམ་འཆམ་དུ་འགྲོ་གྲབས་བྱས་པ་ཡིན།

མིན་ཧོའི་ནན་ལིའི་སྲང་ལམ་ཤར་མའི་ཧྥུ་ཤོན་ལམ་གྱི་སྒོ་ལམ་བརྒྱུད་དུས་སྤྲང་མོ་ཞིག་མཐོང་བྱུང་། མོའི་ལུས་ལ་རལ་ཧྲུལ་གྱི་རས་ལྭ་ཐར་རྐྱང་ཞིག་ལས་གྱོན་མེད་པས་ལྭ་བའི་རྒྱབ་ཀྱི་ཁུང་བུ་ཁ་ཤས་ལས་དམར་མདོག་འདྲེས་མའི་ཤ་རྐྱང་མཐོང་ཐུབ། མོས་མགོ་བོ་སྨད་ཅིང་གྱང་རྩ་ན་བྱིས་པའི་ལྭ་བ་བར་འཚང་ཅན་ཞིག་དང་མི་རྒན་གྱི་ལྭ་བ་རྐྱང་བ་ཞིག་ཡུག་གཅིག་ཏུ་དཀྲི་བཞིན་འདུག མོའི་འགྲམ་ན་ལོ་བཞི་ཙམ་གྱི་བུ་མོ་ཞིག་ཡོད་པ་དང་དེས་ནག་རིལ་གྱི་ཧྥན་པུའུ་ཡི་རྡོག་ཁྲེས་ཤིག་རྩེད་བཞིན་འདུག སྤྲང་མོ་དེས་ལྭ་བ་ཐེངས་གཅིག་ལ་དཀྲིས་རྗེས་བློར་མ་བབས་པ་ལྟར་བཤིག་ནས་སླར་ཡང་དཀྲི་ལོག་བརྒྱབ།

ལྭ་བ་དཀྲིས་ཚར་རྗེས་མོས་རྒྱབ་ལ་བཏུམས་ཤིང་ལག་པ་བསྲིངས་ཏེ་རས་ཁུག་ལ་རེག་དུས་བུ་མོས་རས་ཁུག་ལས་རས་ཀྱི་སྐ་རགས་ཤིག་བླངས་པ་དང་ཚི་དྲེག་ཏུ་སོང་བས་ཀོ་བའི་སྐ་རགས་ཤིག་དང་གཉིས་སུ་མེད།

མོས་རས་ཁུག་སྐེ་ལ་ཁུར་པ་ན་བུ་མོས་རས་ཀྱི་སྐ་རགས་ལམ་དཀྱིལ་དུ་གཡུགས། མོས་བུ་མོར་རས་ཀྱི་སྐ་རགས་བྱིན་ཟེར་ནའང་བུ་མོས་མ་བྱིན་པར་བསམ་བཞིན་གཞོགས་ཤིག་ཏུ་སོང་ནས་གླེན་དགོད་བྱེད།

སྐབས་དེར་མོས་ད་གཟོད་མགོ་བོ་དགྱེ་བྱུང་། ཨ། མོ་ནི་ལོང་བ་ཞིག་རེད།

མོས་བུ་མོ་དགོད་བཞིན་པའི་ཕྱོགས་སུ་ཅིག་བལྟས་རྗེས་སེར་སྐྱའི་བཞིན་རས་ལས་དགོད་པའི་གཉེར་རྟགས་ཤིག་མངོན་བྱུང་།

བྱིས་པ་གཉིས་གསུམ་ཞིག་ངའི་མཐའ་བསྐོར་ནས་དེར་བལྟས་པར་བུ་མོ་ཆུང་ཆུང་དེས་སྨྱུག་མའི་དབྱུག་པ་བླངས་ནས་དེ་དག་བདས།

ལོ་བཞི་ཡི་བུ་མོ་ཆུང་ཆུང་དེ་ཁོ་མོའི་ཨ་མ་ལོང་བ་དེའི་སྲུང་སྐྱོབ་བྱེད་མཁན་གཅིག་པུ་རེད།

ཁོ་མོ་ཅུང་བརྩེས་རྗེས་རས་ཀྱི་སྐ་རགས་དེ་ཨ་མར་བྱིན་ཞིང་ཨ་མས་དེ་ཉིད་ཀྱིས་མོ་རང་རྒྱབ་ཏུ་ཁུར། སྤྲང་མོ་ལོང་པ་དེས་གྱང་ལ་བརྟེན་ནས་ཡར་ལངས་ཤིང་ལག་པ་གཅིག་གིས་སྨྱུག་དབྱུག་བཟུང་བ་དང་། ཐག་ཐག་ཐག་ཅེས་ས་ལ་རྡེབ་བཞིན་ཧྥུ་ཤོན་ལམ་ཆེན་གྱི་ཕྱོགས་སུ་བསྐྱོད།

ང་རང་ཕྱོགས་གཅིག་ནས་ཁོ་མོའི་རྗེས་སུ་འབྲངས་ཤིང་ཕྱོགས་གཞན་ཞིག་ནས་འདི་ལྟར་བསམ་མྱོང་སྟེ།

ཨེ། མི་ཉིད་འདི་ལྟ་བུའི་གནས་བབ་ལ་ལྷུང་ནའང་ད་རུང་མུ་མཐུད་དུ་གསོན་དགོས། སྐེད་པར་དཀྲིས་པའི་རལ་ཧྲུལ་གྱི་ལྭ་བ་གཉིས་ནི་ཁོ་མོ་མ་སྨད་གཉིས་ཀྱི་གྲང་ངར་འགོག་བྱེད་མ་ཡིན་ནམ།

མི་ཉིད་འདི་ལྟ་བུའི་གནས་བབ་ལ་ལྷུང་ནའང་ད་རུང་མུ་མཐུད་དུ་གསོན་དགོས། མི་ཚེའི་སྐྱོ་གར་ཅིའི་ཕྱིར་ཧྲ་ཧྲི་པི་ཡའི་གསུང་རྩོམ་ཁྲོད་འཚོལ་དུ་འགྲོ་དགོས་སམ། ཅིའི་ཕྱིར་ཁྲོན་ཞང་སོགས་ཀྱི་གཡུལ་སར་འཚོལ་དུ་འགྲོ། ཅིའི་ཕྱིར་ས་འགུལ་རྗེས་ཀྱི་འཇའ་ཕན་ཏུང་ཅིན་དུ་འཚོལ་དུ་འགྲོ་དགོས་སམ།

ཐག་ཐག་ཐག་སྨྱུག་དབྱུག་གི་ལམ་སྟོན་སྒྲ་དེ་ནི་དུར་ཁྲོད་ལ་འགྲོ་བའི་མདུན་སྐྱོད་གཞས་དབྱངས་ཡིན་ནམ།

གཞུང་ལམ་འགྲམ་གྱི་ཤིང་སྡོང་གི་ལོ་མ་སྔར་ནས་ལྷུང་ཟིན་ལ་བསིལ་རླུང་ཁྲོད་ཤག་ཤག་ཏུ་ཁུར་ཅིང་འདུག

ཨ་ཨ། མི་ཉིད་འདི་ལྟ་བུའི་གནས་བབ་ལ་ལྷུང་ནའང་ད་རུང་མུ་མཐུད་དུ་གསོན་དགོས།……

ང་རང་ཁོ་མོའི་རྗེས་དེད་དེ་ཅིན་ཨན་དགོན་པའི་མདུན་དུ་ཐོན་ཞིང་ད་རུང་མུ་མཐུད་དུ་རྗེས་འདེད་རྒྱུའི་སྤོབས་པས་མི་བཟོད་པས། ངས་ཁུག་མ་ལས་ཟངས་སྒོར་གཉིས་བཙལ་རྗེས་ཁོ་མོ་མ་སྨད་གཉིས་ལ་ཕུལ་བའི་ཆེས་ཆུང་བའི་གུས་འདུད་ཅིག་མཚོན་པ་ཡིན།

《ལྷུག་རྩོམ་བདམས་བསྒྲིགས》ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།