ཀྲུང་གོ་བོད་ཀྱི་དྲ་བ།

ཅུས་ཀྲང་གིས་བསྩལ་བའི་མེ་ཆ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་བྷོས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 图片 1.jpg

ཁོ་དང་ཅུས་ཀྲང་གི་གཞུང་སྒྲུབ་ཅོག་ཙེ་ཁ་གཏད་དུ་གནས་ཡོད། ཅུས་ཀྲང་ཁ་གཏད་དུ་བསྡད་ནས་དུ་ཞགས་སྐྱིལ་བཞིན་ཇ་དྲེག་གིས་ནག་པོར་བཏང་བའི་ཇ་ཕོར་ཡར་ལ་འགྱོག་ཐེངས་རེར། རང་དམན་གྱི་ཚོར་བ་རང་ཤུགས་པ་དེས་ཁོ་རང་རྟག་ཏུ་སྐྲག་ནས་སྡོད་བཟོད་མི་བྲ་བ་དང་ག་བྱེད་འདི་བྱེད་མེད་པར་བཏང་བས་མིག་ཟུང་གིས་ཅུས་ཀྲང་ལ་དྲང་ཐད་དུའང་བལྟ་མི་ཐུབ།

“ཅུས་ཀྲང་གིས་དོན་ངོ་མར་ང་ལ་ལྟ་སྟངས་གང་ཞིག་བཟུང་ཡོད་དམ།”ཕྱོགས་བཞི་རུ་ས་འཛིན་ལྷུན་པོས་བསྐོར་ཏེ་ནམ་མཁའ་ཧྲིལ་བོའང་མཐོང་དཀའ་བའི་གྲོང་རྡལ་ཆུང་བ་དེ་ནས་གནས་འདིར་ལས་གནས་སྤར་བ་ནས་བཟུང་དྲན་ཚུན་འདི་འདྲ་ཞིག་ཉིན་མཚན་མེད་པར་ཁོའི་སེམས་ངོགས་སུ་ཡང་ཡང་འཕྱོ། ཁོ་རང་ནི་སྤྲང་པོའི་མུག་ཚང་ནས་རྒྱལ་པོའི་ཕོ་བྲང་དུ་ཚུད་པའི་སྤྲང་པོ་ཞིག་དང་འདྲ་བར་སེམས་བདེ་ལ་འབབ་ཐུབ་མེད། མཚན་མོར་མལ་ཁྲིའི་སྟེང་ལོག་སྟེ་རང་སེམས་ནང་ལ་བཀུག་ནས་རང་ཉིད་ཀྱི་བྱ་བའི་ཁྲོད་དུ་ནོར་འཛོལ་ཡོད་མེད་དང་ཅུས་ཀྲང་ལགས་ལ་དྲེགས་ཉམས་བསྟན་ཡོད་མེད་བསམ་གཞིག་གཏང་དགོས། མེད། གཏན་ནས་མེད། ཐེངས་ཤིག་ཅུས་ཀྲང་གིས་གཞན་དང་ཁོའི་ཨ་མའི་ནད་བབ་གླེང་བ་ཐོས་རྗེས་ཁོས་བྲེལ་སྟབས་ཆེན་པོས་སྨན་ཞིག་ཉོས་ཏེ་སྒོ་རྩར་གཟས་ནས་ཅུས་ཀྲང་གི་ཨ་མར་བལྟ་རུ་སོང་བ་ཡིན། དེ་མིན་ད་དུང་ཉིན་རེའི་ཞོགས་པར་ལག་སྔ་བརྩད་དེ་ཅུས་ཀྲང་ལ་ཇ་ལྡུག་དུས་སུ་ཅུས་ཀྲང་གི་གདོང་ན་འཛུམ་མདངས་མེད་ཀྱང་ཐེངས་རེ་རེ་ཁོས་བླུགས་པའི་ཇ་དེ་འཐུང་བཞིན་ཡོད། ཡིན་ནའང་ཅུས་ཀྲང་གི་གདོང་ནས་འཛུམ་མདངས་མི་སྟོན་པ་དེས་ཁོ་རང་ཡིད་ཚིམ་བཞིན་མེད་པ་མཚོན།

གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ་ཁོས་གཞུང་སྒྲུབ་ཁང་དུ་ཚགས་པར་འགེལ་བཞིན་ཡོད་དུས། ཅུས་ཀྲང་གིས་ཁང་བའི་ནང་དུ་གཞན་ཞིག་ལ་ཁོ་རང་གི་མིང་གླེང་བཞིན་པ་ཐོས། བཟང་ངན་གང་ཡིན་ཆ་མ་འཚལ་མོད་ཁོའི་སེམས་པར་དངངས་དོགས་ཤིག་སྐྱེས་ཏེ་ཚགས་པར་གྱི་སྒྲོམ་ལ་བརྡབས་བྱུང་། ལས་ཚོགས་གྲོལ་རྗེས་ཁོ་རང་སྲང་ལ་སྔོ་ཚལ་ཉོ་རུ་སོང་ནས་སྐྲག་སྐྲག་འདར་འདར་གྱིས་གྲོང་ཁྱེར་འདིར་དམིགས་བསལ་དུ་ལྡན་པའི་འུར་ཟིང་དང་མི་ཚོགས་གང་ཐུབ་བྱས་ཤིང་སྲང་མདོ་རུ་འཁྱར་རེ་འཁྱོར་རེའི་ངང་བགྲོད་ཀྱིན་པའི་ཅུས་ཀྲང་དང་ཕྲད་བྱུང་།

“ཅུས་ཀྲང་། ཁྱེད་རང་ཡུལ་ལ་ལོག་བཞིན་ཡོད་དམ། འོ། བཟི་འདུག་གམ། ངས་ཁྱེད་རང་ཡུལ་བསྐྱལ།”ཁོས་ནི་གཉེན་ཉེ་དུའི་བྱིས་པ་ཞིག་ལ་ཕྲད་པ་ནང་བཞིན་དུ་ཕར་རྒྱུགས་ནས་ཅུས་ཀྲང་སྐྱོར།

“ཨ། ཧ་ཧ། བདག་གི་གོང་རིམ་འགོ་ཁྲིད་རྒན་པ་ཕྱི་རྒྱལ་ནས་ཕྱིར་འབྱོར་བས་ཅུང་ཙམ་འཐུང་ཡོད། ང་ཡུལ་ལ……ལོག་དགོས།”ཅུས་ཀྲང་གི་མིག་གཉིས་འབུར་ཚུགས་སུ་བཏོད་ཅིང་སྐད་ཆ་རྡ་བེ་རྡིབ་བེ་ཞིག་བཤད། ཁོས་གང་མགྱོགས་ངང་ཅུས་ཀྲང་གི་གྲུ་མོ་རང་ཉིད་ཀྱི་དཔུང་བའི་སྟེང་བཞག་སྟེ་སེམས་ཆུང་སྒོས་མདུན་དུ་བསྐྱོད་ཅིང་ཅུས་ཀྲང་གི་ལྟོ་བར་ཉར་བའི་ཟས་ཆང་ལ་རེག་འགྲོ་བར་ཤིན་ཏུ་སྐྲག་ཡོད། ཁོས་རང་ཉིད་ལ་གོ་སྐབས་བྱུང་བར་སེམས་བསམ་པའི་གཏིང་ནས་དགའ་སྣང་དང་ཁེངས་རློམ་སྐྱེས། སྲང་ལམ་དུ་ཅུས་ཀྲང་གིས་དབུགས་ཧལ་ཧལ་གྱིས་ལག་པ་གློ་ཁུག་ཏུ་བསྲིངས་ནས་འགྱིག་བཟོས་ཀྱི་མེ་ཆ་སྔོན་པོ་ཞིག་བླངས་ཏེ“མཐོང……མཐོང་མྱོང་ངམ། ཉི་ཧོང་གི་ཐོན་རྫས་རེད། གོང་རིམ་འགོ་ཁྲིད་ཀྱིས་ང་ལ་བསྩལ་བའི་དྲན་རྟེན་རེད། ངས་ཁྱོད་ལ་སྟེར། འདིར་དགའ……དགའ་འམ”ཟེར། ཁོས་གང་མགྱོགས་ཀྱིས་ཕར་བླངས་ཤིང་ལག་པ་འདར་སིག་སིག་བྱེད་བཞིན་འདུག

“ཅུས་ཀྲང་གི་བློར་ང་རང་འབབ་བཞིན་ཡོད་དམ།”ཁོས་ལྐོག་ཏུ་དེ་ལྟར་དྲན།

གཟའ་ཟླ་བའི་ལས་ཚོགས་སུ་ཁོས་སྔོན་བཞིན་དུ་ཅུས་ཀྲང་ལ་ཇ་ལྡུག་ཞོར་སེམས་པར་སྤྲོ་སྣང་གིས་ཁེངས་བཞིན་ཅུས་ཀྲང་ལ་ལན་གཅིག་བལྟས། ཅུས་ཀྲང་སྔར་ལྟར་ངོ་གནག་ཅིང་དོན་དག་ཅི་ཡང་མ་བྱུང་བ་ནང་བཞིན་ཉིན་འགའི་རིང་དེ་ལྟར་ཡིན་པས་ཁོའི་སེམས་བདེ་ལ་འབབ་མ་ཐུབ། ཁོས་དངོས་གནས་བཟོད་པར་མ་ནུས་པར་ཅུས་ཀྲང་གིས་དུ་བ་འཐེན་དུས་ཤིག་ལ་ཁོ་རང་སྤོབས་པ་དང་བཅས་ཏེ་མདུན་དུ་བཅར་ནས་ཅུས་ཀྲང་གིས་བསྩལ་བའི་མེ་ཆ་ཡིས་དུ་བར་མེ་བསྒོས། ཅུས་ཀྲང་གིས་དུ་སྨུག་སྟུག་པོ་ཞིག་ཕྱིར་འདོན་བཞིན་མིག་གཉིས་རུབ་བཞིན་ཁོའི་ལག་གི་མེ་ཆ་བླངས་ནས་ལྟ་ཙམ་བྱས་རྗེས་ཕྱིར་ཁོ་རང་ལ་སྤྲད་དེ“འདི་དངོས་གནས་དར་སོ་ཆེ་བར་འདུག བདག་གི་གོང་རིམ་འགོ་ཁྲིད་ཀྱིས་ང་ལ་འདི་འདྲ་ཞིག་བྱིན་མྱོང་ཡོད། ཉིན་དེར་ཆང་གིས་བཟི་སྟེ་བོར་སོང་། ཡིད་ཕངས་པ་ལའང”ཟེར་བཞིན་དབུགས་རིང་ཞིག་ཕྱུང་།

ཁོ་རང་རེ་ཞིག་ཧད་པར་གྱུར།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།