ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་རེངས་སུ་ལུས་པའི་མེ་ཏོག་ལྡུམ་ར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀྲིན་ཀྲུང་ཏའོ་ཡིས་བརྩམས།   སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་རེངས་སུ་ལུས་པའི་མེ་ཏོག་ལྡུམ་ར་ཞིག་གི་ནང་དུ་དུག་ལྡན་གྱི་རྩྭ་ངན་དང་མི་ལ་གནོད་པའི་ཚེར་མ་འབའ་ཞིག་སྐྱེས་ཡོད། འཐབ་འབུས་རྩྭ་ཕུང་ཁྲོད་ནས་སྨྲེ་སྔགས་འདོན་པ་ལས། གཞན་ཅི་ཞིག་གི་སྒྲ་ཡང་ཐོས་མི་ཐུབ།

མཛེས་སྡུག་ཡིད་འོང་གི་རྫིང་བུ་དེ་སྔོན་ཆད་རྡོ་ཟམ་གྱི་འོག་ནས་དལ་གྱིས་བཞུར་ནའང་ད་ལྟ་མིས་བདག་སྐྱོང་མ་བྱས་པས་སྐམ་ནས་ཞབས་ཀྱང་མཐོང་ཐུབ།

མཛེས་སྡུག་གི་ཤིང་སྡོང་དང་མེ་ཏོག་སྣ་ཚོགས་སྔོན་ཆད་མཚར་སྡུག་གིས་བཞད་ཡོད་མོད། འོན་ཀྱང་ད་ལྟ་དུས་རྒྱུན་ལྟར་ཆུ་གཏོང་མཁན་མེད་པས་རིམ་བཞིན་སྐམ་རྙིད་དུ་གྱུར་འདུག

སྔོན་ཆད་ཉིན་རྒྱུན་ལྡུམ་རར་འཕུར་འོང་ཞིང་མཚན་མོའི་གླུ་དབྱངས་ལེན་པའི་སྐད་སྙན་བྱིའུ་ཡང་ཁོའི་གྲོགས་མཆོག་རྒྱ་སེ་མེ་ཏོག་ཤི་སོང་བས་ཡུན་རིང་ཞིག་ལ་འདིར་འཕུར་ཏེ་ཡོང་མ་མྱོང་།

ཉིན་ཞིག་གློ་བུར་དུ་མི་འགའ་ཞིག་མེ་ཏོག་ལྡུམ་རར་ཐོན་བྱུང་།

ཁོ་ཚོས་མཛེས་སྡུག་གི་མེ་ཏོག་ལྡུམ་ར་འདིའི་ཉམ་ང་བའི་གནས་ཚུལ་མཐོང་ནས་སེམས་ཀྱིས་མ་བཟོད་པར་ཕལ་ཆེར་ངུ་རྒྱུ་ཡིན་པ་འདྲ།

ཁོ་ཚོ་འཐོར་བཤིག་ཏུ་འགྱུར་ལ་ཉེ་བའི་རྩྭ་སྤྱིལ་གྱི་རྐུབ་སྟེགས་ཆག་རོའི་སྟེང་དུ་ཙོག་ཅིང་། མེ་ཏོག་ལྡུམ་ར་འདིའི་འདས་ཟིན་པའི་མཛེས་ལྗོངས་དེ་གླེང་བ་དང་མི་རེ་རེའི་བཞིན་ལ་རྗེས་སུ་ཡི་རངས་ཀྱི་རྣམ་འགྱུར་མངོན་འདུག

མི་ཞིག་གིས་དངན་པ་རིང་པོ་ཞིག་འཐེན་རྗེས“ང་ཚོས་འདི་ལྟར་ལྡུམ་ར་འདི་ཞིང་རེངས་ལ་ལུས་སུ་འཇུག་རྒྱུ་ཡིན་ནམ”ཞེས་བཤད།

དེ་ནས་ཁོ་ཚོ་ཆུ་རྫིང་གི་འགྲམ་དུ་འོངས་ཤིང་བཅོས་མའི་རི་བོ་དེའི་སྟེང་དུ་བསྡད་དེ་ཕྲ་ཞིབ་ཀྱིས་ཇི་ལྟར་ཞིང་རེངས་ཀྱི་ལྡུམ་ར་འདི་ཉིད་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་ཐབས་ཤེས་ལ་བརྩད་ཅིང་བསྡུར།

སྦལ་བས་དགའ་སྤྲོ་རུམ་གང་བསྣམས་ནས་རྫིང་འགྲམ་གྱི་རྡོ་སྲུབས་ནས་ཕྱིར་ཐོན་ཞིང་ཞིབ་ཏུ་མཉན།

ཞག་གང་པོར་སྨྲེ་སྔགས་བཏོན་པའི་འཐབ་འབུས་ཀྱང་གནས་སྐབས་ཙམ་ལ་ངུ་མཚམས་བཞག་སྟེ་རྩྭ་ཕུང་ཁྲོད་ནས་མགོ་བོ་ཕྱེད་ཙམ་ཕྱིར་ཐོན་པ་དང་ཁོ་ཚོས་བརྩད་བསྡུར་བྱེད་པར་བལྟས།

ཁོ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་བརྩད་བསྡུར་བྱས་པ་དང་ད་དུང་ས་སྨྱུག་གིས་རྡོ་ཐོག་ཏུ་མ་ཡིག་མང་དུ་བྲིས་ཏེ་མ་འོངས་པའི་ལྡུམ་རའི་བཀོད་སྒྲིག་མང་པོ་འཆར་འགོད་བྱས། ཁོ་ཚོ་ཐོ་རེངས་ནས་ཞོགས་ཟས་ཟོས་ཚར་བ་ཙམ་ལ་བརྩད་བསྡུར་བྱས་ཀྱང་། ཁོ་ཚོའི་བསམ་འཆར་མང་པོ་ཞིག་གཅིག་མཐུན་མིན་པས་དོན་དག་གཅིག་ཀྱང་གྲོས་ཆོད་མ་བྱུང་།

སྦལ་བས་སེམས་ནས“ཁོ་ཚོས་ཅིའི་ཕྱིར་ལག་འགུལ་ནས་ལས་ཀ་མི་བསྒྲུབ་པར་ཚར་རྒྱུ་མེད་པའི་བརྩད་བསྡུར་བྱེད་བཞིན་ཡོད་དམ”ཞེས་སྨྲས།

རྗེས་ནས་ཁོ་ཚོས་མ་འོངས་པའི་ཕྲ་ཞིབ་ཀྱི་འཆར་གཞི་ཞིག་གཏན་ལ་ཕབ་ཅིང་ཇི་ལྟར་ལེགས་བཅོས་བྱེད་མགོ་རྩོམ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས།

མི་ཞིག་གིས“སྔོན་ལ་རྩྭ་ངན་དང་ཚེར་མ་བཅད་རྗེས་མེ་ཏོག་དང་ཤིང་སྡོང་བཙུགས་ན་ལེགས”ཞེས་བཤད།

མི་གཞན་ཞིག་གིས“དེ་ལྟར་མི་རུང་། སྔོན་ལ་ཤིང་སྡོང་དང་མེ་ཏོག་འཁྱེར་འོངས་ཤིང་དེ་ནས་རྩྭ་ངན་དང་ཚེར་མ་བཅད་ན་ལེགས། རྒྱུ་མཚན་ནི……”ཞེས་སྨྲས།

ཡང་མི་གཞན་ཞིག་གིས“དེ་ལྟར་བྱེད་མི་རུང་།ང་རང་གྲོགས་པོYཡི་གཏམ་ལ་འཐད་པ་ཡིན། རྩྭ་ངན་དང་ཚེར་མ་སྔོན་ལ་མེད་པར་མ་བཏང་ན། སྡོང་བོ་ལེགས་པོ་དང་མཛེས་པའི་མེ་ཏོག་གཏན་ནས་འདེབས་འཛུགས་བྱེད་མི་རུང་། རྒྱུ་མཚན་ནི……”ཞེས་སྨྲས་པ་དང་དེའི་འཕྲོས་ཀྱི་མི་དེས“དེ་ལྟར་བྱེད་ག་ལ་རུང་། ཁྱོད་ཀྱི་སྐད་ཆ་འཕྱུགས་སོང་། ང་རང་གྲོགས་པོBཡི་བསམ་འཆར་ལ་འཐད་པ་ཡིན། རྒྱུ་མཚན་ནི••••••”ཞེས་སྨྲས།

ཁོ་ཚོས་གནས་ལུགས་མང་པོ་ཞིག་དྲངས་ཏེ་ཕན་ཚུན་རྩོད་གླེང་བྱེད་ཅིང་ད་རུང་དཔེ་མང་པོ་ཞིག་བཀོད་དེ་རང་ཉིད་ཀྱི་ལྟ་བ་དེ་བདེན་དཔང་བྱས། ཞོགས་ཟས་ཀྱི་དུས་སྐབས་ནས་དྲོས་ཇའི་བར་དུ་རྩོད་གླེང་བྱས་ཏེ་ཡུན་རིང་ཞིག་འགོར་ནའང་མཚམས་འཇོག་མ་ཐུབ། ཐ་ན་བསམ་འཆར་མ་མཐུན་པས་ཁོ་ཚོས་ཕན་ཚུན་ལ་ཁ་འཛིང་བྱེད་ཅིང་རྒྱག་རེས་ཀྱང་བྱས།••••••

སྦལ་བས་སྒུག་མ་བཟོད་པར་བཞིན་ལ་སྐྱོ་ཉམས་ཤར་ཞིང་མི་དགའ་བའི་རྣམ་འགྱུར་གྱིས་གོམ་པ་གང་རེ་གང་རེས་དལ་བུར་ཕྱིར་རྡོ་སྲུབས་ལ་འཛུལ།

འཐབ་འབུའི་རེ་བཞག་ཀྱང་རིམ་བཞིན་ཇེ་ཆུང་དུ་གྱུར་པ་དང་། ཁོས་མི་དེ་དག་གི་འཛིང་རེས་མཐོང་མ་འདོད་པར་མཇུག་མཐར་མགོ་ཕྱིར་རྩྭ་གསེང་ལ་འཛུལ་ཞིང་། གྱང་རྩར་སོང་བ་དང་དབྱངས་འགྲོས་ཇེ་རིང་དུ་བཏང་ནས་ཁོའི་སྡུག་སྨྲེ་བསྐྱར་ཟློས་ཀྱིས་བསྡད།

ཞིང་རེངས་སུ་ལུས་པའི་མེ་ཏོག་ལྡུམ་ར་སྔར་བཞིན་ཞིང་རེངས་སུ་ལུས་འདུག །

《ཀྲུང་ཕྱིའི་ལྷུག་རྩོམ་ལེགས་བསྒྲིགས》ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།