ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་ལོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལའོ་ལའོ་ཡིས་བརྩམས།   སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངས་མུ་མེད་མཐའ་མེད་ཀྱི་བྱེ་ཐང་ནས་འཚོ་བ་རོལ་མྱོང་། ངས་གངས་རླུང་མཉམ་འཚུབ་ཀྱི་མཐོ་སྒང་ནས་འཚོ་བ་རོལ་མྱོང་། ངས་འཁྲུག་ཟིང་དོད་པའི་མི་ཡུལ་ནས་འཚོ་བ་རོལ་མྱོང་། འབྲོག་ཐང་དང་གྲང་ངར། བཀྲེས་སྐོམ་དང་དཀའ་ཚེགས་ཁྲོད། ངའི་ཆེས་མཐོ་བའི་རེ་བའམ་འདོད་འདུན་ནི་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་ལྗང་ལོ་ཞིག་མཐོང་རྒྱུ་དེའོ། །

བྱེ་ཐང་ནས། ལྗང་ལོས་ཚེ་སྲོག་མཚོན་ལ། མཐོ་སྒང་ནས་ལྗང་ལོས་དཔྱིད་ཀ་མཚོན། འཁྲུག་ཟིང་གི་མི་ཡུལ་ནས་ལྗང་ལོ་ཡིས་རེ་ལྟོས་མཚོན།

དེ་ལྟ་མིན་ནམ། ང་ཚོར་ད་ལྟའི་འདི་ལྟ་བུའི་རྙོག་འཛིང་ཟིང་ཆ་ཆེ་ལ་ཚོན་མདོག་རྣམ་པར་བཀྲ་བའི་འཇིག་རྟེན་ཞིག་ཡོད་པ་ཡིས་ལྗང་ལོ་གཅིག་དང་གཉིས་སམ། ཡང་ན་ནམ་མཁའི་སྐར་ཚོགས་ལྟར་བགྲང་གིས་མི་ལང་བའི་ལྗང་ལོ་ལ་རེ་བཞག་བྱས་ཡོད།

རྩི་ཤིང་གིས་ལྗང་ལོ་ལ་བརྟེན་ནས་བཟའ་ཆས་བསྐྲུན་ཅིང་རང་ཉིད་ཀྱི་འཚོ་གཞེས་རྒྱུན་བསྲིང་བྱེད་པ་དང་། དེ་ལས་མིའི་རིགས་དང་སྲོག་ཆགས་ལ་བཟའ་བཅའ་མཁོ་སྤྲོད་བྱས་ཏེ་དེ་དག་གི་ཚེ་སྲོག་རྒྱུན་བསྲིང་བྱེད།

རང་བྱུང་ཁམས་ན་ལྗང་ལོ་ཡོད་པར་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ནའང་ལྗང་ལོ་ཡོད་དེ། དེ་ནི་ངལ་རྩོལ་མི་དམངས་ཡིན། དངོས་པོའི་ལོངས་སྤྱོད་དང་བསམ་བློའི་ལོངས་སྤྱོད་ཀྱི་སྐྲུན་པ་པོ་ཡིན། ད་དུང་ཚེ་སྲོག་དང་དཔྱིད་ཀ རེ་ལྟོས་ཀྱི་བསྟོད་གླུ་ལེན་མཁན་དང་སྲུང་སྐྱོབ་བྱེད་མཁན་ཡིན།

ཟིང་འཁྲུག་གི་ལོ་ཟླའི་ནང་། ངས་ལྗང་ལོ་ཞིག་མཐོང་བར་རེ་ལྟོས་འཆའ་ཞིང་ལྗང་ལོ་གཅིག་ཡིན་ནའང་ཆོག ཟིང་འཁྲུག་མཇུག་རྫོགས་པའི་དུས་སྐབས་སུ་ངས་ལྗང་ལོ་མང་པོ་མང་པོ་ཞིག་མཐོང་བར་རེ་བཞག་བཅོལ་ཅིང་ལྗང་མདོག་གི་འཇིག་རྟེན་ཞིག་མཐོང་བར་རེ་ལྟོས་འཛིན།

ལྗང་མདོག་གི་འཇིག་རྟེན་ནི་ཚེ་སྲོག་གི་འཇིག་རྟེན་ཡིན་ལ། དཔྱིད་ཀ་དང་རེ་བཞག་གི་འཇིག་རྟེན་དང་། གསོན་ཤུགས་དང་སྐྱེས་སྟོབས་ཀྱིས་ཁེངས་པའི་འཇིག་རྟེན་ཞིག་ཀྱང་ཡིན།

ལྗང་ལོ་མེད་པར་བཟོ་བ་དང་། ཚེ་སྲོག་དང་དཔྱིད་ཀ རེ་ལྟོས་ལ་གཏོར་བརླག་བྱེད་མཁན་གྱི་མི་རྣམས་ནི་དོན་དངོས་སུ་བླུན་པོའི་ཁྱུ་ཚོགས་ཤིག་ཡིན་ཏེ། ཁོ་ཚོས་སྐྱ་ཐལ་ཐལ་གྱི་གྱང་རལ་གྱི་ཤུལ་དེ་ནས“དམར་ལྷང་ལྷང་གི་འཇིག་རྟེན”ཞིག་བསྐྲུན་རྒྱུའི་སྟོང་སེམས་འཆང་བཞིན་ཡོད།

མིན། ཁོ་ཚོའི་འཇིག་རྟེན་ནི་དམར་པོ་མིན། ནག་པོ་ཡིན་ཏེ། ཆེས་ནག་པོའི་འཇིག་རྟེན་ཡིན། དེ་ནི་འཆི་ལམ་དང་རེ་མེད་ཀྱི་འཇིག་རྟེན་ཡིན།

ཁོ་ཚོས་ལྗང་ལོ་མེད་བརླག་ཏུ་བཏང་བ་ཡིས་རང་སྡུག་རང་གིས་ཉོ་སྲིད་པ་དང་། ཁོ་ཚོས་རང་སྡུག་རང་གིས་ཉོས་ཟིན་ཏེ། ལྗང་མདོག་གི་འཇིག་རྟེན་གྱི་སྒོ་ཆེན་ནམ་ཡང་ཁོ་ཚོར་ཕྱེ་མེད་པས་སོ། །

བདེན་ཏེ། ལྗང་ལོ་ནི་རྙིང་སེར་དུ་འགྲོ་སྲིད་ལ་སྐམ་རྙིད་དུ་འགྲོ་སྲིད་པ་ཡིན།

སྟོན་ཀར། ལྗང་ལོ་མང་པོ་ཞིག་རྙིང་སེར་དུ་གྱུར་ཅིང་སྐམ་རྙིད་དུ་གྱུར་ནས་ཡལ་གའི་རྩེ་ནས་ཐང་ལ་ལྷུང་ཞིང་ས་འདམ་དང་ལུད་རྫས་སུ་གྱུར།

དཔྱིད་ཀར། གསར་སྐྱེས་ལྗང་ལོ་མང་པོ་ཞིག་ལ་ཡལ་གའི་སྟེང་ནས་གསོན་ཤུགས་རྒྱས་ཤིང་དྲི་བཞོན་རླུང་ལ་བསུ་བ་བྱས་ཏེ་འཇིག་རྟེན་ལ་སླར་ཡང་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བར་གྱུར།

ལྗང་མདོག་གི་འཇིག་རྟེན་ནི་རང་ཉིད་སླར་གསོན་དང་རང་ཉིད་གསར་བརྗེ་བྱེད་ཐུབ་པའི་འཇིག་རྟེན་ཞིག་ཡིན་ལ། ནམ་ཡང་རེ་བ་ཡོད་པ་དང་མུ་མཐུད་དེ་འཕེལ་རྒྱས་འགྲོ་བ། མུ་མཐུད་དུ་མདུན་སྐྱོད་བྱེད་བཞིན་པའི་འཇིག་རྟེན་ཞིག་ཡིན།

ངས་ལྗང་ལོ་ཞིག་མཐོང་བར་རེ་ལྟོས་བྱེད་ཀྱིན་ཡོད། ལྗང་ལོ་དེ་བས་མང་ཞིང་དེ་བས་གསར་པ་མང་པོ་མཐོང་བར་རེ་ལྟོས་བྱེད་ཀྱིན་ཡོད། །

《ཀྲུང་ཕྱིའི་ལྷུག་རྩོམ་ལེགས་བསྒྲིགས》ལས་བདམས་ཏེ་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།