ཀྲུང་གོ་བོད་ཀྱི་དྲ་བ།

བསྟན་འཛིན་ལྕགས་ཁ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲ་སེན་ཨའོ་ལས་བརྩམས།བ་རོན་རྡོ་རྗེ་སྒྲོལ་མས་བསྒྱུར།(མཚོ་སྔོན་མི་རིགས་སློབ་ཆེན།)   སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“བློ་མཐུན་བསྟན་འཛིན་ལགས།”

ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་མཆེད་སོང་།

“བློ་མཐུན་བསྟན་འཛིན་ལགས་བྱ་དགའ་ལེན་དུ་ཡོང་རོགས།”

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དེ་བས་ཀྱང་ཇེ་ཆེར་གྱུར།

རྫོང་ཨུའི་ཧྲུའུ་ཅི་བློ་གྲོས་ཀྱིས་བྱ་དགའི་གཟེངས་རྟགས་བཟུང་ནས་བསྟན་འཛིན་གྱི་སྡོད་སའི་གར་སྟེགས་ཕྱོགས་སུ་བལྟས་མོད་སྡོད་ས་སྟོང་བ་ཡིན། ཧྲུའུ་ཅི་བློ་གྲོས་ཀྱིས་ཁ་རོག་གེར་ང་ལ་བཤད་རྒྱུར“ཁྱོད་མྱུར་དུ་སོང་སྟེ་བློ་མཐུན་བསྟན་འཛིན་ཚོལ་དང་། འདིའི་འཕྲོ་ནས་ཁོས་སྔོན་ཐོན་ལས་བྱེད་པ་ཡི་འཐུས་ཚབ་བྱས་པའི་ཚོགས་གཏམ་བཤད་དགོས”ཞེས་བསྒོས་བྱུང་།

བསྟན་འཛིན་ནི་སྣ་བའི་གཟེངས་མཐོ་བ་རི་སྒང་དུམ་བུར་ཆད་པ་འདྲ་ཞིང་སྨུག་མདོག་འདྲེས་པའི་ཁ་ཡ་མཐུག་པོ་ནམ་རྒྱུན་དམ་པོར་བསྡམས་ཡོད། ཁོ་ལ་བསྟན་འཛིན“ལྕགས་ཁ“ཞེས་འབོད་པར་རྒྱུ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཁོའི་སྨུག་མདོག་གི་ལྕགས་ཁ་དེ་དུས་ནམ་ཡིན་ཡང་དམ་པོ་བཙུམ་སྟེ་རང་འགུལ་ངང་སུ་དང་གང་ཞིག་ལ་སྐད་ཆ་ཚིག་གཅིག་བཤད་བཞིན་པ་ཧ་ལམ་མི་གཅིག་གིས་ཀྱང་མཐོང་མྱངས་མེད། ཁོ་ལ་རྒྱུས་ལོན་མེད་པ་ཞིག་གིས་ཁོ་ནི་ལྐུགས་པ་ཞིག་ཏུ་བསམ་ངེས། ཁོ་དང་ལབ་གླེང་བྱེད་སྐབས་ཁོས་སྔར་བཞིན་ཁ་ཤ་ཟུམ་ནས་སྣ་ཁུང་ལས“འུན“ཞེས་པའི་སྒྲ་ཙམ་ལས་གྲག་རྒྱུ་ཅི་ཡང་མེད། ལོ་མང་པོའི་རིང་ལ་འདི་ལྟར་ཡོང་བས།  མི་ལ་ལས་ཁོའི་མཆུ་ནི་ཁ་འབྱེད་མི་ཐུབ་པའི“ལྕགས་ཁ”ཡིན་ཟེར། ད་རུང་བཤད་སྲོལ་ཞིག་ཡོད་པ་ནི། བཅིངས་འགྲོལ་རྗེས་སུ་བསྟན་འཛིན་ནི་ངལ་རྩོལ་དཔེ་བཟང་ཅན་ལ་བདམས་པའི་སྐབས་དེར། གཞོན་པ་བརྗིད་ཉམས་ལྡན་ཞིང་སྨྲ་བའི་ངག་ལ་ཐོགས་པ་མེད་པ་དང་ཡིན་ལུགས་མིན་ལུགས་གང་ཞིག་བརྗོད་ཀྱང་གནས་ལུགས་དོན་གྱིས་ཕྱུག་པ།  སུ་ཡང་དེའི་ཁ་ཡ་དོ་ཡར་མི་ཡོང་གཤིས་ཁོའི་མིང་གི་སྔོན་ལ”ལྕགས་ཁ”ཞེས་པ་བསྣན་པ་ཡིན་ཟེར། ངས་བསམ་ན་བཤད་སྟངས་གཉིས་པ་ནི་ཧ་ལམ་མི་གཞན་གྱིས“ཁུངས་བཙལ་བ་ལ”ནོར་འཁྲུལ་ལྡན་པར་འདོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་པའི་ངེས་པའང་མེད་དེ། ངས་ཁོ་དང་འབྲེལ་བ་བྱས་པ་ནས་བཟུང་ཁོ་རང་ནི་ད་ལྟའི་བསྟན་འཛིན“ལྕགས་ཁ“འདི་རེད། ཆུ་ཚོད་ཕྱེད་ཀའི་སྔོན་དུ། ཁོས་སྔར་བཞིན་སྨུག་མདོག་གི་མཆུ་ཏོ་བཙུམ་ནས་བསྡད་པ་དེར་རྫིག་པའི་ཉམས་དང་ལྡན་ཞིང་ཟངས་སྐུ་ཞིག་དང་གཉིས་སུ་མ་མཆིས།

དུས་རབས20པའི་ལོ་རབས50བར་རྩྭ་ཐང་དུ་རོགས་རེས་མཉམ་ལས་ཀྱི་ལས་འགུལ་སྤེལ་སྐབས། ངས་བརྙན་པར་ཐོག་ནས་བསྟན་འཛིན་ངོ་ཤེས་པ་ཡིན། ཁོས་འབྲོག་པ་རྣམས་སྣེ་ཁྲིད་དེ་ཧཱ་ཏཱ་རྩྭ་ཐང་དུ་རོགས་རེས་ཚན་ཆུང་དང་པོ་བཙུགས་ཤིང་། ཁོའི་མཛད་རྗེས་ཚགས་པར་ཐོག་བཀོད་ཡོད་པ་དང་བརྙན་པར་སྟེང་ངོ་སྤྲོད་བྱས་པ་ན། རྩྭ་ཐང་སྟེང་གི་འབྲོག་པ་མང་ཚོགས་ཚང་མར་ཆ་རྒྱུས་ཡོད་པའི་དཔེ་བཟང་མི་སྣ་གྲགས་ཅན་ཞིག་ཏུ་གྱུར། 1958ལོ་ནས་བཟུང་ཁོ་རང་གར་སོང་ཆ་མེད་དུ་གྱུར་ཅིང་ཏག་ཏག་ལོ་ངོ20རིང་ལ་གོ་རྒྱུ་ཚོར་རྒྱུ་མ་བྱུང་། ལོ་འགའི་སྔོན་ང་རང་བསྟན་འཛིན་སྡོད་སའི་རྫོང་དུ་གནས་དབྱུང་བཏང་རྗེས་ད་གཟོད་སྙན་གྲགས་དེ་ཁོ་རང་ཉིད་ཀྱིས་མེད་བརླག་ཏུ་བཏང་བ་ཡིན་པ་གཞི་ནས་ཤེས། སྐབས་དེར་རྩྭ་ཐང་དུ་ལུག་གི་སྐྱེ་འཕེལ་ཚད་བརྒྱ་ཆའི་བརྒྱ་དང་བཅུར་སླེབས་སུ་འཇུག་པའི”བརྒྱ་དང་བཅུའི”ལས་འགུལ་སྤེལ་བཞིན་པས། རྩ་འཛུགས་ཀྱིས་གྲགས་པ་ཆེ་བའི་བསྟན་འཛིན“དཔེ་མཚོན་ལུག་ཁྱུའི”འགན་ཁུར་པ་ལ་གཏན་འཁེལ་བྱས་ཏེ། མ་མོ་རྩེ་གྲས་བདམས་ནས་འཚོ་སྐྱོང་བྱེད་དུ་བཅུག་པ་དང་ལུ་གུ་བཙས་མ་ཐག་ཤི་བའི་ཚེ་ལུག་ཁྱུ་གཞན་གྱི་ལུ་གུ་མཚེ་མས་ཁ་གསབ་སྟེ་ངོམ་སོ་བྱེད་འཆར་ཡིན།  ཡིན་ཡང་བསྟན་འཛིན་གྱིས”བརྒྱ་དང་བཅུའི”ལས་འགུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། ཁོ་རང་ནང་ལོགས་ས་ཁུལ་ལ་ལྟ་སྐོར་དུ་མངགས་ལ་ཉེ་བའི་སྔ་ནུབ་ཏུ་ཁོས“དཔེ་མཚོན་ལུག་ཁྱུ”ཡར་གོང་རིམ་ལ་སྤྲད་སོང་།

ད་ཐེངས་བསྟན་འཛིན་གདོང་ལ་བུད་དེ་ལོ་གཅིག་ཀྱང་མ་འགོར་ནའང་ཁ་ལས་རླུང་རྟ་མེ་ལྕེ་ལྟར་འབར་སོང་།  ཁོས་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་བའི་ཧཱ་ཏཱ་ཐང་རུ་ཆེན་ནི་ཞིང་ཆེན་དང་ཁུལ། རྫོང་གི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་ས་ཡིན་ཞིང་ཁོའི་མིང་ཡང་རྒྱང་སྒྲོག་དང་ཚགས་པར་ཐོག་རྒྱུན་ཆད་མེད་པར་མངོན་བྱུང་བ་རེད་་་་་་

ངས་ཁོ་རང་གང་སར་བཙལ་ཡང་མ་རྙེད། ངས་བསམ་ན་ཁོས་མུ་མཐུད་དུ་བསྒུག་མ་བཟོད་པར་སྔོན་ལ་ཕྱིར་ལོག་སྟེ་ལས་ཀར་བྲེལ་ཡོད་སྙམ། དེ་ནི་དཔའ་བོ་དཔེ་བཟང་མི་སྣ་ཞིག་གི་ཁྱད་ཆོས་ཡིན། མཐའ་མཇུག་ངས་མགྲོན་ཁང་ལས་ཁོ་རང་རྙེད་པ་དང་ཁོས་ཉལ་གོས་ཀྱིས་མགོ་བོ་གཅུད་ནས་ཉལ་འདུག ཨ་ཙི། ངས་ཁོ་རང་ལ་ནད་ཕོག་ཡོད་པ་མ་ཟད་ནད་ལྗིད་མོ་ཞིག་ཕོག་ཡོད་སྙམ།

“བློ་མཐུན་བསྟན་འཛིན།  ཁྱེད་རང་ན་བྱུང་ངམ།”

"འོ་ལེ།"

“ཧྲུའུ་ཅི་བློ་གྲོས་ཀྱིས་ཁྱོད་བཙལ་ནས་གཏམ་བཤད་པར་བསྒུག་འདུག” ངས་ལག་པ་གཉིས་ཀྱིས་ཡུན་གྱིས་ཁོ་ལ་རེག “ཁྱོད་ཀྱིས་ངལ་གསོ་ལེགས་པོ་བྱོས་དང་། ཅུང་ཙམ་ནས་ངས་མི་ཞིག་བཙལ་ནས་བྱ་དགའ་བསྐྱལ་ཡོང་།”

"འུན།" ཁོས་མགོ་བོ་གཡུག་གཡུག་བྱས།

ང་མྱུར་དུ་ཚོགས་རར་ལོག་སྟེ་ཧྲུའུ་ཅི་བློ་གྲོས་ཀྱི་རྣ་བར“བློ་མཐུན་བསྟན་འཛིན་ཁོ……" མི་མང་གི་ཐལ་མོའི་རྡེབ་སྒྲས་ངའི་སྐད་ཆའི་མཚམས་བཅད་སོང་། ཁ་ཕྱིར་འཁོར་ནས་ལྟ་སྐབས། བློ་མཐུན་བསྟན་འཛིན་གྱིས་སྨུག་མདོག་གི་མཆུ་ཏོ་འཚུམ་བཞིན་མི་ཚོགས་བརྒལ་ནས་ཚུར་ཐོན། ཐལ་མོའི་རྡེབ་སྒྲའི་ཁྲོད་ཧྲུའུ་ཅི་བློ་གྲོས་ཀྱིས་བྱ་དགའི་གཟེངས་རྟགས་མཐུག་པོ་ཞིག་བླངས་ནས་བསྟན་འཛིན་ལ་གནང་བ་དང་བསྟན་འཛིན་གྱིས་བྱ་དགའ་བླངས་ཏེ་ཁྲིད་སྟེགས་སུ་བུད།

"ཡ། ངས་སྐད་ཆ་ཚིག་འགའ་བཤད།” གཏམ་བཤད་ཀྱི་གྲོས་རིམ་མ་བསྒྲགས་གོང་ཁོའི་དམ་དུ་བཙུམ་པའི་སྨུག་མདོག་གི་མཆུ་ཏོ་ལས་ཚིག་འདི་ཤོར། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་སྔར་བཞིན་དུ་རྒྱུན་ཆད་མེད་ཅིང་། མི་སུ་ཡིན་ཡང་བསྟན་འཛིན“ལྕགས་ཁའི“གཏམ་བཤད་ལ་ཉན་འདོད་ཀྱི་རེ་བ་ཤིན་ཏུ་ཆེ།

“ང་ཚོའི་ཧཱ་ཏཱ་ཐང་ནི་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཡིན་པས་གྲུབ་འབྲས་ཀྱང་ངེས་པ་དོན་གྱིས་མང་པོ་ཞིག་བླངས་ཡོད། རྩྭ་ཐང་གི་འཛུགས་སྐྲུན་གཅིག་པུར་མཚོན་ནས་བཤད་ན་སྤྱི་ལེ30ཡོད་པའི་ཧཱ་ཏཱ་རྐ་ཆུ་ལ་ཞིང་ཆུའི་ཁེབས་རྒྱ་མུའུ་ཁྲི30ཟིན་པ་དང་། རྩྭ་རར་ལྕགས་ར་བསྐོར་བ་མུའུ་ཁྲི40ཟིན་སྟབས། སུས་མཐོང་ཡང་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། འདི་དག་གྲུབ་འབྲས་སུ་བརྩི་མི་བརྩི་ཧཱ་ཏཱ་ཐང་གི་འབྲོག་པ་མང་ཚོགས་ཀྱི་སེམས་ལ་གསལ་བོར་ངེས་ཡོད།  སྤྱི་ལེ30ཡོད་པའི་རྐ་ཆུ་རུ་ཆུ་ཐིགས་གཅིག་ཀྱང་གཏན་ནས་བཞུར་མྱོང་མེད་པ་དང་། ཆུའི་ཐོན་ཁུངས་མི་ལྡེང་བའི་རྐྱེན་གྱིས་ཞིང་ཆུའི་ཁེབས་རྒྱ་ཅི་ཡང་ཟིན་མེད་ཅིང་། ཕན་འབྲས་དངོས་སུ་ཐོན་པའི་ལྕགས་ར་མུའུ་ཁྲི4ལས་བསྐོར་མེད། ཕན་པ་མེད་པའི་རྐ་ཆུ་དང་རྩྭ་རའི་ལྕགས་ར་ཡིས་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སོགས་ཅི་ཙམ་བཏོན་སོང་ངམ། འདི་དག་གྲུབ་འབྲས་རེད་དམ། མ་ཡིན་ཏེ་འདི་ནི་མགོ་བསྐོར་རེད། དེ་དག་གྲུབ་འབྲས་ལས་མེད་པར་གཏང་བ་དང་དཔྱད་གཞི་ལས་བླངས་ནས་འབྲོག་པ་མང་ཚོགས་ལ་སྐྱོན་ངོས་ལེན་བྱ་དགོས་འདུག” ཚིག་ཀ་འགའ་ཡིས་མི་ཡོད་ཚད་མགོ་འཐོམས་པར་བཏང་ཞིང་ཚོགས་ར་སྐད་ཅིག་ཉིད་དུ་འཇམ་ཐིང་ངེར་གྱུར། གསར་འགོད་པའི་ལག་གི་སྨྱུ་གུས་འབྲི་མཚམས་བཞག་ཅིང་ལག་གི་པར་ཆས་ཀྱང་སར་བཞག་སོང་། སྐད་ཆ་ཚིག་ཀ་འགའ་ཡིས་ང་ལ་བསྟན་འཛིན“ལྕགས་ཁའི“བཤད་སྟངས་གཉིས་པ་དེའི་སྐོར་ལ་བདེན་དཔང་གསལ་བོ་བྱས་སོང་སྟེ།  དེ་ནི་ཁོ་རང་ཁ་འབྱེད་མི་ཐུབ་པའི“ལྕགས་ཁ”ཞིག་མིན་པར་སྨྲ་ལ་མཁས་ཤིང་ཁ་བདེ་ལྕེ་བདེའི“ལྕགས་ཁ”ཞིག་ཡིན་པ་གཞི་ནས་ཤེས།

“ཡ། བྱ་དགའ་འདི་ང་ལ་མི་དགོས”ཞེས་བཤད་ཞོར་མཐུག་ཅིང་ལྗིད་པའི་བྱ་དགའ་དེ་ཅོག་ཙེའི་སྟེང་ནས་ཡར་བཀྱགས་རྗེས་སླར་ཡང་མར་བཞག བོད་ལྭའི་ཕུ་ཐུང་དལ་གྱིས་གཡུག་གཡུག་ཙམ་བྱས་ནས་སྟེགས་བུ་ལས་མར་བབས་ཏེ་འདུག་ས་ཞིག་བཙལ་ནས་བསྡད།

ཚོགས་རའི་ནང་མི་སུ་ཞིག་ལའང་གྲག་འགུལ་ཙམ་ཡང་མ་བྱུང་བར་ལྷིང་ཞིང་འཇགས་པས། མི་རྣམས་ཀྱི་སྙིང་གི་འཕར་ལྡིང་ཡང་ཚོར་ལ་ཁད་ཀྱི་དུས་འདིར། གློ་བུར་དུ་ཆར་བ་ཤག་ཤག་ཏུ་བབས་འདྲའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཞིག་གྲགས་ཤིང་མི་རྣམས་མ་གྲོས་གཅིག་མཐུན་ངང་ཡར་ལངས་ནས་བསྟན་འཛིན་ལ་བལྟས་བསྡད་པ་ན། བསྟན་འཛིན་གྱི་ཞ་ཉེ་དང་འདྲ་བའི་མཆུ་ཏོ་གཉིས་སུ་གྱེས་ཏེ་གྲལ་དག་ཅིང་མདོག་དཀར་བའི་སོ་ཕྲེང་བསྟན་ནས་བགད་བྱུང་། ”ལྕགས་ཁ”འདི་ལོ་མང་པོར་དམ་དུ་བསྡམས་རྗེས་དེ་རིང་སླར་ཡང་ཁ་གྲག་བྱུང་བ་ཡིན། ཁོའི”ལྕགས་ཁ“ལས་ཐོན་པ་ནི་སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི་གཏམ་སྙན་འབའ་ཞིག་གོ །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།