རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་བར་གྱི་འབྲེལ་བ་འཚོལ་ཞིབ།

དཔལ་མགོན། (ལྷོ་ནུབ་མི་རིགས་སློབ་ཆེན) 

 

ས་སྒང་རིལ་བོའི་སྟེང་གི་ཐུན་མིན་གྱི་སྐད་ཡིག་དང་རིག་གནས་ལྡན་པའི་མི་རིགས་རང་མཚན་པ་སོ་སོར་མཚོན་ན།རྩོམ་རིག་གི་ཐད་ནས་དུས་ཀྱི་འཕོ་འགྱུར་དབང་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་བྱུང་ཞིང་འབྱུང་ཡང་ངེས།དེ་བས།སྙན་ངག་གི་ཐད་ནས་དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་ཅེས་གོ་དོན་མི་འདྲ་བའི་ཐ་སྙད་གཉིས་བྱུང་ཞིང་།སྐབས་འདིར་དེང་རབས་སྙན་ངག་ལ་ང་ཚོས་སྙན་ངག་གསར་བའམ་ཡང་ན་རང་མོས་སྙན་ངག་ཅེས་སུ་འབོད།རྒྱུ་མཚན་ནི་འདི་ནི་ཕྱི་འོང་གི་རིག་གནས་ཤིག་ཡིན་པས་མི་བུ་རང་མཚན་པ་རེ་རེས་གོ་བ་ལེན་སྟངས་ཀྱི་ཁྱད་པར་ཤོར་ཏེ།སྙན་ངག་གསར་བའམ་རང་མོས་སྙན་ངག་ཅེས་པའི་དོན་གཅིག་མིང་གི་རྣམ་གྲངས་རང་ཤུགས་སུ་བྱུང་།སྲོལ་རྒྱུན་སྙན་ངག་ཅེས་པ་ནི་སྙན་ངག་གསར་བའམ་རང་མོས་སྙན་ངག་གི་ཁོངས་སུ་མ་ཐེ་བའི་སྙན་ངག་གི་ཆ་ལ་གོ།སྐབས་འདིར་དེང་རབས་སྙན་ངག་སྟེ་སྙན་ངག་གསར་བར་སྤྱིར་བཏང་རང་མོས་སྙན་ངག་ཅེས་འབོད་པ་རྒྱུགས་ཆེ་བར་གཞིགས་ཏེ།གཤམ་ནས་རང་མོས་སྙན་ངག་ཅེས་འགོད་རྒྱུ་ཡིན་ལ།སྲོལ་རྒྱུན་སྙན་ངག་ཅེས་པ་ནི་གཙོ་བོ་སྙན་ངག་མེ་ལོང་མར་ངོས་བཟུང་ཡོད།།རྩོམ་འདིར་གཙོ་བོ་སྙན་ངག་གསར་རྙིང་གཉིས་ཀྱི་ཡུལ་དུས་དང་འཕེལ་རྒྱས་ཀྱི་གནས་བབ་སོགས་ཀྱི་ཐད་ནས་ཕན་ཚུན་གཤིབ་བསྡུར་སྒོས།རང་མོས་སྙན་ངག་དང་སྙན་ངག་མེ་ལོང་མ་གཉིས་ཀྱི་འབྲེལ་བར་འཚོལ་ཞིབ་ཙམ་གནང་བ་སྟེ།

གཅིག སྙན་ངག་གསར་རྙིང་བར་གྱི་ཡུལ་དུས་ཀྱི་ཁྱད་པར།

སྙན་ངག་གསར་རྙིང་གཉིས་ནི་དུས་རབས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་ནས་བྱུང་ཞིང་།སོ་སོར་ཡུལ་དུས་ཀྱི་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན་པར་མ་ཟད།དམིགས་བསལ་གྱི་ཁྱད་ཆོས་དེ་ལས་བྱུང་བའི་འཕེལ་རྒྱས་ཀྱི་ལས་དབང་ཡང་མི་འདྲ་བ་སོ་སོར་གྱུར་ཡོད།

1. རང་མོས་སྙན་ངག་ནི་དུས་ནམ་ཞིག་ལ་ཡུལ་གང་ནས་བྱུང་བའི་ཚུལ།

སྙན་ངག་གསར་བ་སྟེ་རང་མོས་སྙན་ངག་ནི་ཐོག་མར་དུས་རབས༡༩བའི་མཇུག་ཏུ་ཧྥ་རན་སིར་བྱུང་ཞིང་།དུས་རབས༢༠བའི་མགོ་ནས་བཟུང་དབྱིན་ཇི་དང་ཨ་མེ་རི་ཁ་སོགས་སུ་དར་འགོ་ཚུགས།སྐབས་དེར་རང་མོས་སྙན་ངག་ནི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ལྟ་བ་མཚོན་པའི་ལག་ཆ་གལ་ཆེན་དུ་གྱུར་ཏེ།ཡོངས་ཁྱབ་ནས་རྩོམ་ལུས་དེར་མཐོང་ཆེན་དང་བེད་སྤྱོད་ལེགས་པ་བགྱིས་པ་དང་སྦྲགས།དེ་འབྲེལ་གྱི་གཞུང་ལུགས་ཀྱི་ལྟ་བ་སྣ་ཚོགས་སུ་བྱུང་།འདི་འདྲའི་འགྱུར་བག་རྒོད་པའི་དུས་སྐབས་སུ་སྤྱི་ཚོགས་ཡོངས་ནས་རང་མོས་སྙན་ངག་གི་མཚོན་ཆ་ལག་ཏུ་བཟུང་སྟེ།སྲོལ་རྒྱུན་སྙན་ངག་ཐད་དོགས་འདྲི་དང་དགག་བཞག་འཛེམ་མེད་གནང་།ཁོར་ཡུག་འདི་འདྲའི་འོག་རང་མོས་སྙན་ངག་ལ་དོ་ཁུར་གནང་མཁན་ཇེ་མང་དུ་གྱུར་ཏེ།སྲོལ་རྒྱུན་སྙན་ངག་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་བསྐྱེད་པས།རིམ་བཞིན་སྔ་མ་ནི་གཙོ་རྒྱུགས་ཀྱི་རྩོམ་ལུས་སུ་གྱུར་ཞིང་ཕྱི་མ་ནི་བས་མཐར་བསྐྱུར།ཡིད་བརྙན་རིང་ལུགས་པ་ཞང་ཏེ་སེན་གྱིས་དུས་དེ་རིང་རང་མོས་སྙན་ངག་ནི་ཕོ་བྲང་དུ་ཐོན་ཞིང་སྲོལ་རྒྱུན་སྙན་ངག་ནི་རྙིང་རུལ་དུ་གྱུར་ཞེས།གནས་བབ་དེར་གསོན་ཉམས་ལྡན་པའི་སྡོམ་ཚིག་བཀོད་ཅིང་།དེ་བས་སྐབས་དེར་རང་མོས་སྙན་ངག་ནི་དམངས་གཙོ་ཡིན་པས་དབང་གྲགས་ལ་རྒོལ་བ་དང་།དེང་རབས་ཀྱི་སྐད་བརྡ་ལེགས་པར་མཚོན་ཞིང་།སྲོལ་རྒྱུན་སྙན་ངག་ནི་དམངས་གཙོ་མིན་པས།འགྱུར་བ་མེད་ཅིང་ངེས་སྲོལ་གྱི་ཨུ་ཚུགས་ཆེ་ཞིང་དེང་རབས་ཀྱི་སྐད་བརྡར་མི་མཐུན་པར་འདོད་པའི་ལྟ་བ་རླུང་ལྟར་ཁྱབ།

༡༩༡༨ལོ་ནས་བཟུང་རང་མོས་སྙན་ངག་ནི་རིམ་བཞིན་ཀྲུང་གོར་དར་འགོ་ཚུགས་ཏེ།ལྔ་བཞིའི་ལས་འགུལ་དང་རྩོམ་རིག་གསར་བརྗེ་སོགས་ཀྱི་སྐབས་སུ་ཧུའུ་ཧྲི་དང་བཅས་པས་དར་སྤེལ་ཤུགས་ཆེན་གནང་སྟེ།དེ་ནི་རྒྱུ་ཆ་གསར་བ་དང་རྣམ་པ་གསར་བའི་ངང་ཚུལ་ཞིག་ཏུ་ཡོངས་སུ་བསྒྲགས་ཤིང་།རང་མོས་སྙན་ངག་གིས་གསོན་ཤུགས་ལྡན་པའི་སྐད་ཆ་སྤྱོད་པས།སྲོལ་རྒྱུན་སྙན་ངག་གི་ཡིག་སྐད་དང་མི་འདྲ་བའི་ལྟ་བ་དར་སྲོལ་དུ་གྱུར་ཏེ།སྤྱི་ཚོགས་ཡོངས་ནས་རང་མོས་སྙན་ངག་གཙུག་ཏུ་བཀུར་ཞིང་སྲོལ་རྒྱུན་སྙན་ངག་ཐལ་བར་དོར་བས།མཐར་སྤྱི་ཚོགས་ཡོངས་ནས་རང་མོས་སྙན་ངག་གི་ལམ་བུར་ཤུགས་ཀྱིས་ཞུགས།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བར་བོད་ལ་ཐོག་མར་དར་འགོ་ཚུགས་ཤིང་།སྐབས་དེའི་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་རང་གྲོལ་ལགས་ཀྱིས<<ལང་ཚོའི་རྦབ་ཆུ>>བརྩམས་ཏེ།བོད་ལ་སྙན་ངག་གསར་བའམ་རང་མོས་སྙན་ངག་ཅེས་པའི་སྲོལ་བཏོད་ཅིང་།།དེ་ནས་བཟུང་བོད་ཀྱི་རྗེས་རབས་པའི་ན་གཞོན་རྩོམ་པ་པོ་མང་བོ་སྦྲང་མ་མེ་ཏོག་ལ་འཁོར་བ་བཞིན།ཡོད་ཚད་རང་མོས་སྙན་ངག་གི་ལམ་བུར་འཚང་ཁ་བརྒྱབ་སྟེ།རྒྱ་ནག་ལྟར་རང་མོས་སྙན་ངག་གི་མཚོན་ཆ་ལག་ཏུ་བརྟན་པོར་བཟུང་སྟེ།སྲོལ་རྒྱུན་སྙན་ངག་དང་བཅས་པའི་ཁ་གཏད་དུ་ལངས་འགོ་བརྩམས།

2. སྙན་ངག་མེ་ལོང་མ་ནི་དུས་ནམ་ཞིག་ལ་ཡུལ་གང་ནས་བྱུང་བའི་ཚུལ།

སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་འདི་ཐོག་མར་རྩོམ་མཁན་ནི།རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་དཎ་ཊི་སྟེ།བོད་སྐད་དུ་སློབ་དཔོན་དབྱུག་པ་ཅན་ཟེར་བ་དེ་ཡིན།སློབ་དཔོན་འདི་ཉིད་དུས་རབས་གང་གི་སྐབས་སུ་བྱུང་བའི་ཐད་མཁས་པ་སོ་སོའི་བཞེད་པ་མི་འདྲ་ནའང་།རྒྱལ་བོ་སྲོང་བཙན་དང་དུས་མཉམ་པ་གཙིགས་སུ་འཛིན།ཕྱིས་སུ་ས་སྐྱ་བ་པཎ་ཊི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱིས<<མཁས་པར་འཇུག་པའི་སྒོ>>ཞེས་པ་བརྩམས་ཤིང་།དེར་སྙན་ངག་མེ་ལོང་མའི་ཚིག་གང་མང་ཞིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་།དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་ཤོང་ལོ་ཙྰ་བ་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ནས་མེ་ལོང་མའི་གཞུང་ཆ་ཚང་བར་བསྒྱུར་ཞིང་།དེ་ནས་རྗེས་འཇུག་མཁས་པ་རིམ་བྱོན་གྱིས་རྒྱ་ཆེར་སྤེལ་ཏེ་བོད་ཆོལ་ཁ་གསུམ་དུ་ཆེས་ཆེར་དར་བ་ལོ་རྒྱུས་ལས་གསལ།གོང་དང་མི་འདྲ་བ་ནི་གཞུང་ལུགས་འདི་བར་མ་བརྒྱུད་པར་མི་རིགས་རང་གིས་ཐད་ཀར་ནང་འདྲེན་སྒོས།རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཁྱད་ཆོས་རྨང་གཞིར་བཟུང་སྟེ་རྒྱ་ཆེར་སྤེལ་བར་མ་ཟད།བོད་ཡོངས་སུ་ཤིན་ཏུ་དར་བར་གྱུར།

གཉིས། སྙན་ངག་གསར་རྙིང་གི་འཕེལ་རྒྱས་ཀྱི་གནས་ཚུལ།

སྙན་ངག་གསར་རྙིང་གཉིས་ལ་མཚོན་ན་དུས་རབས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བར་མ་ཟད།དུས་ཡུན་རིང་བོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཀྱག་ཀྱོག་བརྒྱུད་མཐར།དུས་ཀྱི་འཕོ་འགྱུར་ཁྲོད་སོ་སོའི་འཕེལ་ཕྱོགས་དང་གནས་བབ་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཞིག་ཤོར།

1. རང་མོས་སྙན་ངག་གི་འཕེལ་རྒྱས་ཀྱི་གནས་ཚུལ།

རང་མོས་སྙན་ངག་ནི་ཐོག་མར་ཧྥ་རན་སི་ནས་བྱུང་ཞིང་།དེ་ནས་དབྱིན་མེ་རྒྱལ་ཁབ་སོགས་སུ་དར་བ་དང་བསྟུན།སྤྱི་ཚོགས་ཡོངས་ནས་དེར་དཔྱད་བརྗོད་དང་ལག་ལེན་ཤུགས་ཀྱིས་གནང་བས།སྙན་ངག་རིག་པའི་གཞུང་ལུགས་ཀྱི་ལྟ་བ་སྣ་ཚོགས་ཤིག་བྱུང་ཞིང་།མི་རྣམས་ཀྱིས་རྩོམ་ལུས་འདིར་སྔར་མེད་མཐོང་ཆེན་གནང་བས།སྲོལ་རྒྱུན་གྱི་ངེས་སྲོལ་ལྡན་པའི་སྙན་ངག་ལས་རིང་དུ་བརྒལ་ཏེ།སྐབས་དེའི་སྤྱི་ཚོགས་ཀྱི་རྩོམ་ལུས་གལ་ཆེན་ཞིག་ཏུ་གྱུར་མོད།ཡིན་ཡང་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་སྔ་གཞུག་ནས་བཟུང་།རང་མོས་སྙན་ངག་ལ་སྐྱོན་བརྗོད་གནང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་།ཐ་ན་རང་མོས་སྙན་ངག་ནི་ཉམས་རྒུད་དུ་འགྲོ་བཞིན་པའི་གླེང་ཕྱོགས་བྱུང་སྟེ།སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་དོགས་འདྲི་ཀུན་ནས་བསླངས་པས།ད་ལྟ་རང་མོས་སྙན་ངག་གི་ལྟ་བ་ཉེན་ཁའི་གནས་སུ་ལྷུང་།དེ་ནས་ལྔ་བཞིའི་ལས་འགུལ་དང་རྩོམ་རིག་གསར་བརྗེའི་སྐབས་སུ་རྒྱ་ནག་ལ་དར་འགོ་ཚུགས་ཏེ།ཧུའུ་ཧྲི་དང་ཝུན་དབྱི་ཏོ་སོགས་ནས་བཟུང་རང་མོས་སྙན་ངག་གི་མདུན་ལམ་འཚོལ་ཞིབ་ནམ་ཡང་མཚམས་བཞག་མེད་མོད།ཡིན་ཡང་རང་མོས་སྙན་ངག་ནི་རྒྱ་ནག་ལ་མཚོན་ན་ད་དུང་ཡང་རྙོག་འཛིང་ཤིན་ཏུ་ཆེ་བའི་བརྡ་ཆད་ཅིག་ཏུ་གྱུར་ཡོད་པས།སྐུ་ཞབས་ཧྥི་ཧའོ་ཡིས་ད་སྔའི་བར་ཅི་ཞིག་ལ་རང་མོས་སྙན་ངག་ཟེར་བའི་གནད་དོན་ཐད།ད་དུང་གཅིག་མཐུན་གྱི་ལྟ་བ་དང་སྡོམ་ཚིག་ཅིག་གྲུབ་མེད་ཅེས་གསུངས་པའི་སྡོམ་ཚིག་ཁྲོད་ལུས་ཡོད།ཕྱིས་སུ་ལོ་རབས་བརྒྱད་བཅུ་བར་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་རང་གྲོལ་བརྒྱུད་དེ་བོད་ལ་དར་འགོ་ཚུགས་ཤིང་།དེའི་དེ་ནས་བཟུང་བོད་ཀྱི་ཕྱི་རབས་པའི་རྩོམ་པ་པོ་རྣམས་རང་མོས་སྙན་ངག་ལ་རབ་ཏུ་ཆགས་པས།བོད་ཀྱི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་མོད།ཡིན་ནའང་ཕྱི་གླིང་དང་རྒྱ་ནག་ལ་མཚོན་ན་བོད་ནི་ད་དུང་ལད་ཟློས་ཙམ་གྱི་ཁྲོད་ནས་ལུས་ཤིང་།དེ་འབྲེལ་གྱི་གཞུང་ལུགས་དང་དཔྱད་བརྗོད།ལྟ་བ་སོགས་ནི་དེ་ལས་ཀྱང་ཉག་ཕྲ་བ་ཞིག་ཏུ་སྣང་བས།དུས་ད་ལྟའང་རང་རྐྱ་འཕེར་བའི་སྒོ་ནས་དེར་ཞིབ་འཇུག་དང་ཕྱིར་རྟོག་བྱེད་པའི་ལག་ལེན་དངོས་སུ་རྩོམ་ཐུབ་མེད་པར་སྣང་།

2. སྙན་ངག་མེ་ལོང་མའི་འཕེལ་རྒྱས་ཀྱི་གནས་ཚུལ།

སྙན་ངག་མེ་ལོང་མ་ནི་དཔལ་ས་སྐྱ་བའི་སྐབས་སུ་བོད་ལ་ཐོག་མར་བསྒྱུར་བ་ནས་བཟུང་།བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་རྗེས་འཇུག་མཁས་པ་རིམ་བྱོན་གྱིས་རྩ་འགྲེལ་དང་ཡང་འགྲེལ་སོགས་ཀྱི་ཕྱག་ལེན་ལེགས་པར་བསྟར་བ་བརྒྱུད།བོད་རང་གི་སྐད་ཡིག་དང་རིག་གནས་ཀྱི་ཁྱད་ཆོས་ཀུན་ནས་མ་ཉམས་པའི་སྙན་ངག་གི་རིགས་པའི་གཞུང་ལུགས་ཡང་དག་ཅིག་ཏུ་གྲུབ་པར་མ་ཟད།གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་དང་ལག་ལེན་གྱིས་གཞུང་ལུགས་འཐུས་ཚང་དུ་གཏོང་བའི་ཆོས་ཉིད་ལེགས་བརྩི་འོག བོད་ལ་སྲོལ་རྒྱུན་གྱི་སྙན་ངག་མཁན་པོ་གནམ་མཁའི་སྐར་ཚོགས་བཞིན་བྱོན་ཏེ།རི་བོའི་གཏོས་དང་མཉམ་པའི་གཙུག་ལག་གི་ཁང་བཟང་ལེགས་པར་བརྩིགས་པས།གཞུང་འདི་ནི་བོད་ལ་མཚོན་ན་ངེས་པ་དོན་གྱིས་མེད་དུ་མི་རུང་བའི་རིག་གཞུང་རྩ་ཆེན་ཞིག་ཏུ་གྱུར་ཡོད།ཡིན་ནའང་རང་མོས་སྙན་ངག་དར་བ་ནས་བཟུང་།སྙན་ངག་མེ་ལོང་མའི་ལག་ལེན་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་ཞིང་།ཐ་ན་དགག་བྱར་འཛིན་པའི་སྣང་ཚུལ་ཡང་བྱུང་བས།དུས་ད་ལྟ་སྙན་ངག་མེ་ལོང་མ་ནི་རང་ངོས་ཀྱི་རིན་ཐང་དང་ཚེ་སྲོག་གི་གསོན་ཤུགས་ལ་བརྟེན་ནས་འཚོ་བ་ལས།སྤྱི་ཚོགས་ཀྱི་མཐོང་ཆེན་དང་དར་སྤེལ་ཤིན་ཏུ་ཞན་པའི་གནས་སྐབས་སུ་འཁེལ་ཡོད།

གསུམ། སྙན་ངག་གསར་རྙིང་གཉིས་ཀྱི་གནས་བབ་ལ་ཕྱིར་རྟོག་བྱེད་པ།

སྙན་ངག་གསར་རྙིང་གཉིས་ཀྱིས་དར་རྒུད་ཀྱི་བཤུལ་ལམ་རིང་མོའི་ཁྲོད།རྩོམ་རིག་གསར་རྩོམ་ཐད་ལག་རྗེས་ཆེན་པོ་ཞིག་བཞག་པ་དང་སྦྲགས།སོ་སོའི་སྤྱི་ཚོགས་ཀྱི་ཐད་ནས་རྩོམ་རིག་གི་གོ་གནས་མི་འདྲ་བ་རེ་བཟུང་ཞིང་།ད་ལྟའི་འཕེལ་རྒྱས་ཀྱི་གནས་བབ་ཀྱང་ཤིན་ཏུ་མི་འདྲ་བར་གྱུར།

1. རང་མོས་སྙན་ངག་གི་གནས་བབ་ལ་ཕྱིར་རྟོག་བྱེད་པ།

སྤྱིར་ཕྱི་གླིང་ལ་མཚོན་ན་རང་མོས་སྙན་ངག་ནི་དུས་རབས་ཕྱེད་ཀྱི་རིང་ཞིག་ལ་དར་ཆ་ཤིན་ཏུ་ཆེ་རུང་།དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་སྔ་གཞུག་ནས་བཟུང་།རང་མོས་སྙན་ངག་ལ་ཡང་བསྐྱར་གདེང་འཇོག་དང་ཕྱིར་རྟོག་བྱེད་འགོ་བརྩམས།ཨ་མེ་རི་ཁའི་རང་མོས་སྙན་ངག་པ་ཝེ་ལེན་སི་ཡིས་རང་མོས་སྙན་ངག་ཅེས་པ་ནི་མི་རྣམས་ལོག་ལམ་དུ་ཁྲིད་པའི་བརྡ་ཆད་ཅིག་ཡིན།རྒྱུ་མཚན་ནི་སྙན་ངག་གི་ལུས་ལ་རང་དབང་ཡོང་ཐབས་མེད་ཅེས་གསུངས་ཤིང་།རྗེས་སུ་དཔྱད་བརྗོད་པ་མང་བོ་ཞིག་གིས་དོན་དམ་གྱི་རང་མོས་སྙན་ངག་ནི་རང་དབང་ལས་ལྡོག་ཡོད་པར་འདོད།དེ་དང་སྦྲགས་ཕྱི་ཚུལ་རིང་ལུགས་གསར་བ་དང་འབྲེལ་ཏེ།རང་མོས་སྙན་ངག་ཉམས་རྒུད་དུ་འགྲོ་བའི་ལྟ་བ་སྣ་ཚོགས་བྱུང་ཞིང་།དེ་ལས་ལྟ་བ་གཙོ་བོ་གསུམ་དམིགས་སུ་བཀར་ན།གཅིག་ནི་རང་མོས་སྙན་ངག་ནི་རྩོམ་ལུས་གསར་བ་ཞིག་ཡིན་མིན་གྱི་གནད་དོན་ཏེ། སྔོན་ཆད་རང་མོས་སྙན་ངག་ནི་གདོང་ལེན་རང་བཞིན་དང་གསར་བརྗེའི་རང་བཞིན་ཤིན་ཏུ་ཆེ་བའི་རྩོམ་ལུས་གསར་བར་བརྩིས་ཀྱང་།ད་ལྟ་རང་མོས་སྙན་ངག་ནི་རྙིང་ཞེན་དང་སྐྱོན་གྱི་དྲི་མས་ཁེངས་པ་ཞིག་ཏུ་བཞེད།ལའེ་ཐེ་ཧའོ་ཙེ་ཡིས་རང་མོས་སྙན་ངག་གི་སྟོབས་ཤུགས་ནི་ཡང་རྩེར་སོན་ཟིན་པས།ད་ལྟ་ཉམས་རྒུད་དུ་འགྲོ་བའི་སྐབས་སུ་ཁེལ་ཡོད་ཅེས་བསྒྲགས་ཤིང་།དེས་རང་མོས་སྙན་ངག་གི་ལུས་ནི་དེང་སྐབས་ཁུར་བོ་ཞིག་ཏུ་གྱུར་ཡོད་པ་ལས།མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་མེད་པར་གསལ་བོར་བསྟན།གཉིས་ནི་རང་མོས་སྙན་ངག་ལ་རྩོམ་ལུས་ཤིག་ཡོད་མེད་ཀྱི་གནད་དོན་ཏེ།རང་མོས་སྙན་ངག་ཉམས་རྒུད་དུ་འགྲོ་བའི་གླེང་ཕྱོགས་དར་སྤེལ་གཏོང་མཁན་འགའ་ཞིག་གིས་རང་མོས་སྙན་ངག་ལ་རྩོམ་ལུས་ཀྱི་ཁྱད་ཆོས་ངེས་གཏན་ཞིག་མེད་ཅིང་།རང་མོས་སྙན་ངག་ནི་རྩོམ་ལུས་ཤིག་ཡིན་པའི་ཆ་ནས་གཞི་གྲུབ་མི་ཐུབ་པར་འདོད་ཅིང་།ཧྲི་སྨི་སི་ཡིས<<རང་མོས་སྙན་ངག་གི་འབྱུང་ཁུངས>>ཞེས་པ་ལས།རང་མོས་སྙན་ངག་གི་ལུས་དང་མཚན་ཉིད་ལ་ངེས་གཏན་མེད་པས།གཅིག་མཐུན་ཡིན་པའི་རྩོམ་ལུས་ཀྱི་མཚན་ཉིད་འཚོལ་དོན་མེད་པར་བཞེད།གསུམ་ནི་རང་མོས་སྙན་ངག་ནི་སེམས་ཉིད་ཀྱི་མཚོན་བྱེད་ཡིན་མིན་གྱི་གནད་དོན་ཏེ།སྔོན་གྱི་སྙན་ངག་པས་རང་མོས་སྙན་ངག་གིས་གསོན་ཤུགས་གསར་བ་སྟེར་ཞིང་།དེ་ནི་སེམས་ཉིད་དང་ཆེས་ཆེར་བཅར་བའི་རྩོམ་ལུས་ཤིག་ཡིན་པས།དེར་རང་ངོས་ཀྱི་ཆོས་ཉིད་དང་ལྡན་པའི་ཚེ་སྲོག་ལྡན་པར་འདོད།ཡིན་ནའང་དེང་རབས་ཀྱི་སྙན་གཞུང་སྨྲ་བ་མང་བོ་ཞིག་གིས་དེ་ལྟར་མི་འདོད་ཅིང་།སྙན་ཚིག་ནི་སེམས་ཉིད་ཀྱི་ཐུན་མིན་མཚོན་བྱེད་དུ་བཟུང་ན།རྩོམ་རིག་གི་ལུས་དང་སྐད་བརྡའི་ཐུན་མོང་རང་བཞིན་འཁྱོག་བཤད་དུ་གནང་བར་བཞེད།

གོང་གི་ལྟ་བ་དེ་གསུམ་ལས་ཕྱི་གླིང་ལ་མཚོན་ན།རང་མོས་སྙན་ངག་བརྒྱུད་དེ་དུས་རབས་ཤིག་གི་གསར་བརྗེའི་བྱ་འགུལ་གྱི་ལས་དོན་ལེགས་འགྲུབ་བྱུང་ཡོད་ཀྱང་།རང་མོས་སྙན་ངག་ཟེར་བའི་དོན་དམ་གྱི་རྩོམ་ལུས་གསར་བ་ཞིག་འགྲུབ་མ་ཐུབ་པར་རྟོགས་ཏེ།སྙན་ངག་པ་དང་དཔྱད་བརྗོད་པ་མང་བོས་བསམ་གཞིག་གི་ཁ་ཕྱོགས་ཡང་བསྐྱར་སྲོལ་རྒྱུན་གྱི་ཕྱོགས་སུ་བསྐོར་ཏེ།སྲོལ་རྒྱུན་སྙན་ངག་དང་འབྲེལ་བ་བསྐྱར་འཛུགས་སྒོས་རང་མོས་སྙན་ངག་གི་ལས་དབང་གསར་བ་ཞིག་འཚོལ་ཞིབ་བྱེད་པའི་ལས་ལ་ཞུགས།དེ་ལྟར་དུས་རབས་ཉི་ཤུ་བའི་རིང་རང་མོས་སྙན་ངག་གིས་ཐོག་མར་སྲོལ་རྒྱུན་སྙན་ངག་ལ་རྦད་དེ་རྒོལ་ཞིང་།དེ་ནས་སྲོལ་རྒྱུན་རྩོམ་ལུས་དང་མཉམ་འབྲེལ་གནང་འགོ་བརྩམས་པའི་དུས་རིམ་གཉིས་གཙོ་བོ་གཉིས་བརྒྱུད་ཅིང་།དུས་རིམ་ཕྱི་མས་རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་ཀའི་ཐད་གསོན་ཤུགས་གསར་བ་བསྐྲུན་ཏེ།སྙན་ངག་རིག་པའི་གཞུང་ལུགས་གསར་བའི་ཐད་འབད་ལམ་གསར་དུ་བཏོད་པར་རྗེས་སུ་ཡི་རངས་བྱེད་འོས།

ཡིན་ནའང་རྒྱ་ནག་དང་ལྷག་པར་བོད་ལ་མཚོན་ན།རང་གྲོལ་གྱིས་རང་མོས་སྙན་ངག་གི་སྲོལ་བཏོད་པ་ནས་བཟུང་།སྤྱི་ཚོགས་ཡོངས་ནས་རང་མོས་སྙན་ངག་གི་གསར་རྩོམ་ལག་ཏུ་ལེན་རྐྱང་བྱས་ཏེ།སྲོལ་རྒྱུན་སྙན་ངག་སྟེ་མེ་ལོང་མ་དང་རིང་ནས་རིང་དུ་བསྐྱེད་དེ།རང་མོས་སྙན་ངག་ཡིན་ན་གསར་བ་དང་སྲོལ་རྒྱུན་སྙན་ངག་ཡིན་ན་རྙིང་བར་བསྒོམས་ཏེ།སྙན་ངག་གསར་རྙིང་གི་ཁྱད་པར་ནི་ལུས་ཀྱི་ཐོག་ནས་འབྱེད་པའི་བྱིས་བློའི་ངང་ཚུལ་ཁྲོད་ལུས་ཤིང་།དུས་ད་ལྟའང་ལད་ཟློས་རང་བཞིན་གྱི་གསར་རྩོམ་རྐྱང་བར་འཐམས་ཏེ།དེར་དཔྱད་བརྗོད་དང་ཕྱིར་རྟོག་གི་བགྱི་བ་ལག་ཏུ་ལེན་མཁན་ནི་ཉིན་མོའི་སྐར་མའི་ཚོད་དུ་གདའ།

2. སྙན་ངག་མེ་ལོང་མའི་གནས་བབ་ལ་ཕྱིར་རྟོག་བྱེད་པ།

སྙན་ངག་མེ་ལོང་མ་བོད་ལ་དར་བ་ནས་བཟུང་བོད་ཀྱི་རྩོམ་རིག་ཐད་ལག་རྗེས་བླ་ན་མེད་པར་བཞག་ཅིང་།དེ་ནི་བོད་རང་གིས་ལག་ལེན་དང་འཕེལ་རྒྱས་སུ་བཏང་སྟེ།མི་རིགས་ཅན་དུ་བསྒྱུར་བའི་རིག་གཞུང་རྩ་ཆེན་ཞིག་ཡིན་པར་མ་ཟད།བོད་ཀྱི་རྩོམ་རིག་གཞུང་ལུགས་ཐོག་མའང་ཡིན་ལ།དེར་རྩོམ་ལུས་དང་རྒྱན་ཇི་རྙེད་ཀྱི་སྦྱོར་ཚུལ་རྣམ་པར་གསལ་མོད།ཡིན་ཡང་རང་མོས་སྙན་ངག་བོད་ལ་ཐོན་རྗེས།སྲོལ་རྒྱུན་སྙན་ངག་གི་ལས་དབང་ལ་འགྱུར་ལྡོག་བྱུང་ནས།ད་ལྟ་གྲྭ་ས་དང་སློབ་གྲྭ་ཁག་གི་བསླབ་གཞི་དང་།རིག་གཞུང་སྨྲ་བ་དག་གི་ཞིབ་འཇུག་བྱེད་ཡུལ་ཙམ་ལས།རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཁྲོད་ནས་སྔོན་ལྟར་ལག་ལེན་རྒྱ་ཆེར་གནང་བའི་དུས་སྐབས་ཕལ་ཆེར་རྫོགས་ཤིང་།སྤྱི་ཚོགས་ཀྱི་གང་སར་མཐོང་ཡུལ་དུ་གྱུར་བའི་སྙན་ངག་ཕལ་ཆེར་རང་མོས་སྙན་ངག་ཡིན་ལ།གལ་ཏེ་སྲོལ་རྒྱུན་སྙན་ངག་རེ་ཡོད་ཀྱང་དེ་ནི་དཔེ་བརྗོད་དང་ཆོས་དཔེ་ཙམ་ལས།སྔོན་ལྟར་རང་རྟོགས་ཀྱིས་མེ་ལོང་མའི་གཞུང་ལྟར་སྙན་ངག་གསར་རྩོམ་གྱི་ལས་ལ་ཞུགས་མཁན་ཤིན་ཏུ་དཀོན་ཞིང་།བརྩམས་ཆོས་ནི་དེ་ལས་ཀྱང་དཀའ་བས།ད་ལྟ་བོད་ནི་རང་གི་སྲོལ་རྒྱུན་གྱི་རྩོམ་རིག་གཞུང་ལུགས་མི་འཁྱེན་ཞིང་།དེང་རབས་ཀྱི་གསར་དར་རྩོམ་རིག་ཐད་བློ་སྦྱོང་དང་ཐོས་རྒྱ་ཅི་ཡང་མེད་པར་བསམ་གཞིག་དང་རྟོག་དཔྱོད་ལ་ཤིན་ཏུ་རྨོངས་ཤིང་།རང་སྣང་མཐོན་པོས་མགོ་བོ་བསྒུར་ཏེ་གཞན་རྗེས་འབྲང་རྐྱང་གི་རྣམ་ཐར་སྐྱོང་བཞིན་མཆིས།

མཇུག་བསྡུའི་གཏམ།

རང་མོས་སྙན་ངག་ནི་ཕྱི་འོང་གི་རིག་གནས་ཤིག་ཡིན་པའི་ཆ་ནས།དེར་དཔྱད་བརྗོད་དང་བགྲོ་གླེང་གནང་སྐབས་ཕྱི་གླིང་གི་རང་མོས་སྙན་ངག་གི་གཞུང་ལུགས་ཞིབ་འཇུག་དང་།དེའི་འཕེལ་རྒྱས་དང་གྲུབ་འབྲས་སོགས་ནི་དཔེར་ལྟོས་སུ་བཟུང་ན་ལེགས་ཤིང་།སྙན་ངག་གསར་རྙིང་ནི་རྩོམ་ལུས་ཀྱི་ཐད་ནས་འབྱེད་པ་མིན་པར།གཙོ་བོ་ཉམས་འགྱུར་དང་གོ་དོན་གསར་བ་ཡོད་མེད་ཀྱི་ཐད་ནས་འབྱེད་ཅིང་།གལ་ཏེ་རང་མོས་སྙན་ངག་གི་རྩོམ་ལུས་སྤྱད་ཀྱང་།ཚིག་སྦྱོར་སྔར་བཞིན་འགྱུར་བ་མེད་ཅིང་སྣང་བརྙན་ཞན་ན།ད་དུང་སྙན་ངག་རྙིང་བ་ཡིན་ལ།གལ་ཏེ་སྲོལ་རྒྱུན་གྱི་ངེས་སྲོལ་ཅན་གྱི་སྙན་ངག་གི་རྩོམ་ལུས་སྤྱད་ཀྱང་།བརྩེ་དུང་དང་ཉམས་འགྱུར་སོགས་གསར་བ་ཡིན་ན།དེ་ནི་སྙན་ངག་གསར་བར་གཏོགས་ཞེས་པར་གཞིགས་ན།གཙོ་བོ་ནང་དོན་གྱི་ཐད་ནས་གསར་རྙིང་འབྱེད་དགོས་པར་རྟོགས།དེ་བས།བོད་ལ་མཚོན་ནའང་རང་མི་རིགས་ཀྱི་སྔོན་བྱོན་མཁས་པའི་མཛད་འཕྲིན་དང་ཕྱི་གླིང་བའི་ཉམས་མྱོང་དཔེར་བཟུང་སྟེ།ཐོག་མར་སྲོལ་རྒྱུན་གྱི་བཅུད་མ་ཡལ་བར་དེའི་རྨང་གཞིའི་སྟེང་ནས་སྙན་ངག་གསར་རྙིང་གཉིས་ཀྱི་གནད་དོན་ཐད།བསྐྱར་དུ་གདེང་འཇོག་དང་རིགས་པས་དཔྱད་དེ།སྙན་ངག་གསར་རྙིང་གཉིས་ཕན་ཚུན་རམ་འདེགས་དང་ཁ་གསབ།གཅིག་ལ་གཅིག་རྟེན་སོགས་ཀྱི་འབྲེལ་བ་འཚོལ་ཞིབ་སྒོས།སྲོལ་རྒྱུན་དང་དེང་རབས་ཡ་མ་བྲལ་བར་གཉིས་ཀའི་ཁྱད་ཆོས་ཀུན་ནས་ལྡན་པའི་སྙན་ངག་གསར་བའི་ལམ་བུ་གཏོད་པར་བརྩོན་པའི་རུས་པ་ཤུགས་ཆེན་བསྐྱེད་པ་ལས།མཐའ་གཉིས་སུ་ལྷུང་བའི་ནོར་འཁྲུལ་དང་ནེ་ཙོའི་བརྟུལ་ཞུགས་འཛིན་པའི་ལམ་བུར་ཞུགས་ན།རང་མོས་སྙན་ངག་ཕར་ཞོག ཐ་ན་སྙན་ངག་གསར་རྙིང་གཉིས་ཀའི་བྱ་གཞག་ཀུན་ནས་མི་འགྲུབ་པའི་རྐྱེན་ངན་དུ་འགྱུར་བས་མི་བསྟེན་པར་འཚལ་ལོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།