དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་བོད་ཀྱི་སྙན་ངག་གི་ཡིད་བརྙན་གྱི་སྒྲིག་གཞི་གླེང་བ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་ཀྱི་སྙན་ངག་གི་ཡིད་བརྙན་གྱི་སྒྲིག་གཞིའི་འགོད་ཚུལ་ལ་མཐར་ཆགས་ཅན་དང་གཤིབ་བསྡུར་ཅན། མཚུངས་སྦྱོར་ཅན། འཁོར་མ་ཅན། བརྩེགས་མ་ཅན་བཅས་རིགས་ཆེན་པོ་ལྔར་དབྱེ་སྟེ། དེ་དག་ལ་དཔྱད་པ་ཅུང་ཟད་བཏང་བ་བརྒྱུད་ནས་སྲོལ་རྒྱུན་སྙན་ངག་ཇི་ལྟར་སྙན་ངག་གསར་བར་བར་བརྒལ་བྱུང་ཚུལ་བྲིས་ཡོད།

བརྡ་ཆད་གཙོ་བོ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ། ཡིད་བརྙན། སྒྲིག་གཞི།

གླེང་སློང་བ།

ཐོག་མར་ཡིད་བརྙན་གླེང་བར་བྱ་བ་ལ། ཕྱི་ནང་གཉིས་ཀྱི་ཡིད་བརྙན་གྱི་རྒྱུན་རིང་པོའི་ཆུ་མགོ་དེད་ནས་སོང་ཙ་ན། ཡིད་བརྙན་ནི་སྤྲོས་བརྗོད་རིགས་ཤིག་གིས་གནས་ཐུབ་པར་མ་ཟད། གཟུགས་རྒྱན་ནམ་གབ་བརྗོད་ཀྱིས་ཀྱང་གནས་ཐུབ་པ་ཞིག་ཡིན། ཡིད་བརྙན་ནི་སྣང་བརྙན་མིན་ལ་གཟུགས་བརྙན་ཀྱང་མ་ཡིན་པར། སྙན་ངག་འགྲུབ་པའི་ཉེར་ལེན་གྱི་རྒྱུ་ཞིག་ཡིན་པ་དང་། སྙན་ངག་གི་བླ་སྲོག་དང་ངོ་བོའི་ཁྱད་ཆོས་ཤིག་ཡིན། ཡིད་བརྙན་གྱི་སྦྱོར་བ་རྩེ་མོར་དོད་པའི་ཡིད་བརྙན་རིང་ལུགས་ཀྱིས་གཏན་ལ་ཕབ་པའི་སྐད་ཅིག་མའི་ཚོར་འདུ་དང་ཡིད་བྱེད་ཀྱི་ཕུང་པོའམ། “སྙན་ངག་པའི་རང་རིག་གི་ཡིད་བྱེད་དང་ཕྱི་ཡུལ་གྱི་ཕྱི་དོན་དངོས་པོའི་གཟུགས་བརྙན་ཕན་ཚུན་སྡེབ་པ་ལས་བྱུང་བའི་འབྲས་བུ་སྟེ། སྙན་ངག་པས་ནང་སེམས་ཀྱི་འཇིག་རྟེན་མཚོན་སླད་དུ། ཕྱི་དོན་དངོས་པོའི་གཟུགས་གདམ་གསེས་དང་བཙོ་སྦྱང་། བསྐྱར་དུ་ལྷན་ཅིག་སྦྱོར་བ་ལས་བྱུང་བའི་ནང་དོན་ངེས་གཏན་གྱི་སྐད་ཆའི་སྣང་བརྙན་ཡིན”[1]པ་དང་། ཡང་ན་འདི་ལྟར་བརྗོད་ཆོག་སྟེ། ཡིད་བརྙན་ནི་སྙན་ངག་པའི་རང་རིག་ཤེས་པ་བསྐྱིལ་བའི་གཟུགས་བརྙན་བྱེ་བྲག་པ་ཡིན། དབྱིན་ཇིའི་སྙན་ངག་པ་ལི་ཝེ་སིས་བརྩམས་པའི《ཡིད་བརྙན་གྱི་རྣམ་གཞག》ཅེས་པའི་དེབ་ནང་བསྟན་པ་ནི་སྣང་བརྙན་དང་ལྡན་པ་ཞིག་སྟེ།

སྙན་ངག་ཅིག་གི་ནང་གི་ཡིད་བརྙན་ནི་མཐོང་སྣེ་མི་འདྲ་བར་བཞག་པའི་མེ་ལོང་ཅི་རིགས་པ་དང་འདྲ་བར། བརྗོད་བྱ་ཚུར་ཡོང་སྐབས། མེ་ལོང་གིས་མཐོང་སྣེ་མི་འདྲ་བ་སྣ་ཚོགས་ནས་བརྗོད་བྱའི་གཞོགས་ངོས་མི་འདྲ་བ་སྣ་ཚོགས་འཆར་བར་བྱེད། ……དེ་དག་གིས་བརྗོད་བྱ་མཚོན་པར་མ་ཟད། བརྗོད་བྱར་ཚེ་སྲོག་དང་གཟུགས་རྣམ་སྦྱིན་ནུས་པས། ཤེས་པའི་སྣང་བརྙན་གཟུགས་ཅན་དུ་འདོན་ཐུབ།[2]

འདིར་གནད་འབབ་ས་ནི་གཟུགས་ཅན་གྱི་ཤེས་པའམ་སྲོག་ལའོ། །

ཡིད་བརྙན་ནི་སྙན་ངག་གི་སྒྲིག་གཞིའི་གྲུབ་ཆ་ཞིག་ཡིན་ལ། སྙན་ངག་གི་ལྟེ་དབུས་སོ་ཞེས་ཀྱང་སྨྲ་སྟེ། སྒྲིག་གཞི་དང་སྐྱོན་བརྗོད་ཐབས་ཤེས་སོགས་མི་འདྲ་བའི་འོག་ནས་གོ་དོན་ཤིན་ཏུ་སྣེ་འཛིང་བ་ཞིག་ཡིན་སྟབས། བརྒྱ་བརྒྱ་བཤད་ནས་གཅིག་ཏུ་བསྡུ་ཐབས་མེད་ཀྱང་། འདིར་ནི་བོད་ཀྱི་ལོ་རབས་བརྒྱད་ཅུ་བའི་སྙན་ངག་དང་ཁ་སྤྲད་དེ། ཡིད་བརྙན་ནི་ཡིད་བྱེད་ཀྱི་གཟུགས་ཏེ། ཡིད་བྱེད་དང་ཚོར་འདུ་བསྐྱིལ་བའི་གཟུགས་ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་སྲོག་དང་ལྡན་པ་ཞིག་ལ་སྦྱོར་བར་བྱའོ། །

སྙན་ངག་ཅིག་ལེགས་འགྲུབ་འབྱུང་བ་ལ་ཡིད་བརྙན་དུ་མ་ལྷན་དུ་སྦྱོར་བ་ཡིན་ཏེ། ཡིད་བརྙན་དང་ཡིད་བརྙན་བར་གྱི་རྟེན་འབྲེལ། ཡིད་བརྙན་གྱི་འདེགས་འཇོག་སོགས་ཀྱིས་ཤུགས་རྐྱེན་གལ་ཆེན་ཐེབས་པ་ཡིན། སྙན་ངག་གི་མཛེས་རྟོག་གལ་ཆེ་ཤོས་ཤིག་ཡིད་བརྙན་གྱི་ལྷན་ཅིག་སྦྱོར་བའི་སྟེང་ནས་མངོན་ཞིང་། ཡིད་བརྙན་བར་གྱི་འབྲེལ་བ་ཕྱི་ཚུལ་དང་རང་རྐྱ་ཐུབ་པར་གནས་ཚེ་སྲོལ་རྒྱུན་ཡིད་བརྙན་གྱི་ཁོངས་སུ་བསྡུ་ཞིང་། ཡིད་བརྙན་སོ་སོས་སྒེར་ཚུགས་འཛིན་པར་མ་ཟད་སོ་སོས་ཕན་ཚུན་བྱེད་ནུས་འདོན་པ་དང་ནང་གནས་ཀྱི་འབྲེལ་བར་གནས་ཚེ་དེང་རབས་ཡིད་བརྙན་གྱི་ཁོངས་སུ་བསྡུ། ཡིད་བརྙན་དང་ཡིད་བརྙན་བར་གྱི་འབྲེལ་བ་ནི་ཕྱིའི་སྒྲིག་གཞི་རིགས་ཤིག་ཏུ་འདུ་བ་དང་། བོད་ཀྱི་ལོ་རབས་བརྒྱད་ཅུ་བར་དམིགས་ནས་སྒྲིག་གཞི་རིགས་ལྔ་རུ་དབྱེ་སྟེ། མཐར་ཆགས་ཅན་དང་གཤིབ་སྡུར་ཅན། མཚུངས་སྦྱོར་ཅན། འཁོར་མ་ཅན། བརྩེགས་མ་ཅན་བཅས་སོ། །

གཅིག མཐར་ཆགས་ཅན།

ཡིད་བརྙན་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ཞིག་ཡུལ་དུས་ཀྱི་རྒྱུན་དང་འགྲོགས་ནས་རྒྱུན་ཆགས་སུ་བསྟར་བའམ། སྙན་ངག་ནང་གི་ཡུལ་དུས་ཀྱི་རྒྱུན་དང་འགྲོགས་ནས་རྒྱུན་ཆགས་སུ་བསྟར་བའམ། སྙན་ངག་པའི་ཚོར་འདུའི་སྔ་ཕྱི་ལྟར་རྒྱུན་ཆགས་སུ་བསྟར་བ་ཅན་ཏེ།

ཤེལ་གྱི་འཇིག་རྟེན།

གཡུ་ཡི་ནགས་ཚལ།

གསེར་གྱི་ས་གཞི།

མཐོན་པོའི་རི།

སྔོན་མོའི་མཚོ།

ཡངས་པའི་ཐང་།

— བྱ་བྱམས་པ། 《གངས་ལྗོངས》[3]

གོང་གི་སྙན་ཚིག་འདི་དང་འདྲ་བར་རྒྱུན་སྲོལ་གྱི་སེམས་ཁམས་སྒྲིག་གཞི་ལྟར་གོ་རིམ་བཞིན་དུ་ནགས་རི་མཚོ་ཐང་མཐར་ཆགས་སུ་བསྟར་བ་སྟེ། ལོ་རབས་བརྒྱད་ཅུ་བའི་ཁ་གཡེང་རང་བཞིན་གྱི་སྙན་ངག་གསར་བ་ཡོད་ཚད་ལ་སྒྲིག་གཞི་རིགས་འདིས་ཁྱབ་པ་ཡིན། སྒྲིག་གཞི་རིགས་འདི་ལ་མཚོན་ན་ཡིད་བརྙན་སོ་སོའི་རྟེན་འབྲེལ་ནི་ནང་གནས་ཅན་གྱི་གཏིང་ཇེ་ཟབ་ཏུ་འགྲོ་བ་མ་ཡིན་པར། ཡིད་བརྙན་ཆེན་པོ་ཞིག་གི་མ་ལག་རང་བཞིན་སོ་སོ་ཞིབ་ཏུ་ཕྲལ་ནས་སྨྲ་བའི་ཕྱི་ཚུལ་རང་བཞིན་ཡིན་པས། སྤྱིར་བཏང་སྲོལ་རྒྱུན་ཡིད་བརྙན་དུ་གཏོགས་པ་ཡིན། ཡིན་ནའང་སྐབས་སྐབས་སུ་ཡིད་བརྙན་མཐར་ཆགས་ཅན་བསྟར་བ་ལས་ཡིད་བརྙན་བར་གྱི་འབྲེལ་བ་ལས་འབྲེལ་བ་གསར་བ་འཁྲུངས་ཤིང་། དེ་ལས་དོན་སྙིང་གསར་བ་སྔོག་རི་བས་དེང་རབས་ཡིད་བརྙན་དུའང་མངོན་དུ་འགྱུར་ཐུབ།

གཉིས། གཤིབ་སྡུར་ཅན།

ཡིད་བརྙན་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ཡིད་བརྙན་སྔ་ཕྱིའམ་གོང་འོག་བར་གཤིབ་བསྡུར་མངོན་གསལ་གྱིས་དོད་པ་ལས་ཛ་དྲག་གི་ཚོར་འདུ་དང་བར་ཁྱད་སློང་བ་ཞིག་སྟེ། དཀར་པོ་དང་ནག་པོ་ལྷན་དུ་སྦྱར་བ་ལས་མངོན་སུམ་གྱི་ལྡོག་པ་ཐ་དད་པ་མཚོན་པ་དང་ལྷན་དུ་ཤུགས་ནས་སྙན་ངག་གི་ཡིད་བྱེད་ཀྱི་ལྡོག་པ་ཐ་དད་པའམ་ཚོར་འདུའི་བཟློག་རྟགས་མངོན་པ་ཞིག་སྟེ།

ཁོ་བོ—

མཐོན་པོའི་སྤྱི་གཙུག་གི་ཞྭ་མོ་ལས།

ཕལ་བའི་རྐང་གི་ལྷམ་ཞིག་བགྱིས་ཏེ།

ཀྱག་ཀྱོག་གི་མི་ཚེའི་ལམ་ཕྲན་དུ།

འཇིག་རྟེན་གྱི་སྐྱོ་བ་མ་ལུས་ཕྲག་ཏུ་ཁུར་ནས།

ནམ་ཡང་།

ཁུ་སིམ་པའི་ངང་མདུན་དུ་སྐྱོད་པར་འདོད།

……

—ལག་ལྡན། 《མོས་འདུན》[4]

གོང་གི་སྙན་ཚིག་ལས་ཞྭ་དང་ལྷམ། ཤ་ཁྱི་དང་ཤེའུའི་ཡིད་བརྙན་གྱི་ལྷན་ཅིག་སྦྱོར་བ་ལས་གཤིབ་བསྡུར་ཆེན་པོ་མངོན་པ་སྟེ། མཐོན་པོ་དང་དམའ་མོའམ། དྲག་བཙན་དང་ཉམ་ཆུང་བའི་ཡིད་བྱེད་ཀྱི་གཤིབ་བསྡུར་གྱིས་སྙན་ངག་གི་ཁམས་ལ་བར་ཁྱད་མངོན་གསལ་དོད་ཐུབ། ལོ་རབས་བརྒྱད་ཅུ་བའི་སྙན་ངག་ནང་གསར་རྙིང་གི་འགལ་འདུ་མཚོན་ཆེད། གཤིབ་སྡུར་ཅན་གྱི་སྒྲིག་གཞི་འདི་རིགས་ཀྱང་རྣམ་གྲངས་མང་ངོ་། །

གསུམ། མཚུངས་སྦྱོར་ཅན།

ཡིད་བརྙན་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ཡིད་བརྙན་སྔ་ཕྱིིའམ་གོང་འོག་བར་མཚུངས་སྦྱོར་གྱི་འབྲེལ་བ་གྲུབ་པ་ལས་ཡིད་བརྙན་གཉིས་གོང་བུ་གཅིག་ཏུ་སྒྲིལ་ཏེ་སླར་ཡང་ཚོར་འདུ་གསར་བ་ཞིག་སྟོན་པའམ། ཡིད་བརྙན་ཕྱི་མ་དེ་ཡིད་བརྙན་སྔ་མའི་མཚུངས་དཔེར་གྲུབ་པའི་ཡིད་བརྙན་གྱི་རྣམ་པ་ཞིག་སྟེ།

གྲང་རླུང་གི་གཟུགས་མེད་རྒྱ་ཡིས།

སྡོང་ལོ་ཡི་ཉ་མོ་འཛིན་བཞིན།

ས་རྡུལ་དང་སྨུག་ལོང་ཁྲོད་ན།

ཁང་རྩེག་གི་སྐྲ་ལོ་གཟེངས་ཤིང་།

ས་གཞི་ཡི་སྐྱི་གཉེར་བསྣན་འོངས།

……

—ལྗང་བུ།《སྟོན་ཁ•བགྲེས་སོང》

གོང་གི་སྙན་ངག་སྟོན་ཁ་དང་བགྲེས་སོང་ལ་མཚོན་ན་དཔེ་མཚོན་གྱི་མཚུངས་སྦྱོར་ཅན་གྱི་ཡིད་བརྙན་སྒྲིག་གཞི་སྟེ། སྟོན་ཁའི་སྡོང་ལོ་འཐོར་ཞིང་ས་གཞིའི་སྐྱི་གཉེར་བསྣན་པའི་དུས་ཚིགས་ཀྱི་རྒ་བའི་རང་བཞིན་དང་བགྲེས་སོང་གི་འཁར་བར་བརྟེན་ཞིང་ཤི་ཡང་ཕྱིར་མིག་གི་རེ་བས་མི་ཚེ་ཡི་དགུན་ཁ་བརྒལ་བའི་རྒ་བའི་རང་བཞིན་གྱི་མཚུངས་སྦྱོར་རམ་ཡིད་བརྙན་བརྩེགས་མའི་སྒོ་ནས་རྒ་བའི་རང་བཞིན་གྱི་ཆོས་ཉིད་གཏིང་ཟབ་ཀྱིས་སྟོན་པ་ཞིག་ཡིན། ལོ་རབས་བརྒྱད་ཅུ་བའི་སྙན་ངག་ནང་ཡིད་བརྙན་གྱི་སྒྲིག་གཞི་རིགས་འདི་མང་དུ་མངོན་ཡང་། དུས་མཇུག་ཙམ་ནས་ད་གཟོད་མཚུངས་སྦྱོར་གྱི་ཡིད་བརྙན་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཚོར་འདུ་གསར་བ་སྦྱིན་པའི་རྣམ་པ་གཞི་ནས་བྱུང་ཡོད། དེ་མིན་སྔ་མའི་སྙན་ངག་མང་པོར་ཐད་ཀར་མཚུངས་སྦྱོར་བྱེད་པ་ལས་ནང་གནས་ཀྱི་འབྲེལ་བ་ཆེར་གྲུབ་མི་ཐུབ།

བཞི། འཁོར་མ་ཅན།

ཡིད་བརྙན་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ཡིད་བརྙན་གཅིག་ཚན་པ་སྔ་ཕྱིའམ་སྙན་ངག་གི་གོང་འོག་བར་གསུམ་ནས་འཁོར་མར་མངོན་ཞིང་ཚོར་འདུ་ཤུགས་དྲག་ཏུ་གཏོང་བར་བྱེད་པ་ཞིག་སྟེ། དམངས་ཁྲོད་ཀྱི་དམངས་གཞས་དང་རྩེད་རིགས་སོགས་སུ་རྒྱུན་སྦྱོར་གྱི་སྒྲིག་གཞི་འཁོར་མར་མངོན་པའི་ཐབས་རྩལ་དང་འདྲ་བ་ཞིག་ཡིན།

དལ་ཅག་གེར་སྡོད་དང་། བདག་གི་སེམས།

བུ་ཡུག་གིས་དཀར་དགར་གཙེ་བའི།

དཀར་སེང་ངེའི་གངས་དཀར་ལ།

མིག་འཚེར་གྱི་གཟི་འོད་མེད་ཅེས།

བློ་ཕམ་གྱིས་མུན་མ་འཁྲིགས།

དལ་ཅག་གེར་སྡོད་དང་། བདག་གི་སེམས། འཁྱག་རོམ་གྱིས་དམ་དུ་བསྡམས་པའི། འཇམ་ཐང་ངེའི་མཚེའུ་ཡི། འཕར་ལྡིང་གི་སྲོག་རྩ་འཇགས་ཞེས། སྙིང་རྗེ་ཡི་དྲ་བར་མ་ཚུད། དལ་ཅག་གེར་སྡོད་དང་། བདག་གི་སེམས། གྲང་ལྷགས་ཀྱི་ཀློངས་སུ་འགྲེང་བའི། སྐྱ་ཐེར་རེའི་སྡོང་སྐམ་ལ།

སྔོ་ལོ་ཡི་རེ་བའང་སྟོངས་ཞེས།

ཡིད་ཆད་ནས་མགོ་བོ་མ་འདུད།

དལ་ཅག་གེར་སྡོད་དང་། བདག་གི་སེམས།

སྐྱི་གཡའ་བའི་སྲིན་བྱ་ཡི་རྐན་སྒྲ་གྲགས་པའི།

ཁུ་སིམ་མེའི་མཚན་དུས་སུ།

ཁྲ་ཚོན་གྱི་རོལ་དབྱངས་མེད་ཅེས།

དུངས་ཞེན་གྱི་ལྕགས་ཀྱུས་མ་ལྷོད།

“དལ་ཅག་གེར་སྡོད་དང་། བདག་གི་སེམས།”

ཁྱོད་ཀྱིས་ས་རྡུལ་མ་སློང་།”(ཐེ་ཀོར་གྱིས)

ཉི་གཞོན། རྒྱ་མཚོ། ནགས་ཀླུང་སོགས་ཁྱོད་ལ་དབང་བས།

བག་ཕེབས་ལ་རེ་སྒུག་བྱོས་དང—

བདག་གི་སེམས།

—ལྷུན་གྲུབ།《དལ་ཅག་གེར་སྡོད་དང་བདག་གི་སེམས》

གོང་གི་སྙན་ངག་འདིའི་ནང“དལ་ཅག་གེར་སྡོད་དང་། བདག་གི་སེམས།”ཞེས་པའི་ཚིག་རྐང་གཅིག་ཡང་དང་བསྐྱར་དུ་ཟློས་ཏེ། དེ་དང་སྦྲགས་པའི་ཡིད་བརྙན་ཡོངས་རྫོགས་འཁོར་མར་མངོན་པའི་སྙན་ངག་གི་སྲོག་འཁོར་ལོ་ཅན་གྱི་ཡིད་བརྙན་གྱི་སྒྲིག་གཞི་ལགས་ཤིང་། གོང་གི་སྙན་ངག་ནང་ཐེ་ཀོར་གྱི་སྙན་ཚིག་ལུང་འདྲེན་བྱས་པ་བཞིན་ཐེ་ཀོར་གྱི་སྙན་ངག་མང་པོ་འཁོར་མ་ཅན་དུ་ཡོད་ཅིང་། ལོ་རབས་བརྒྱད་ཅུ་བའི་སྙན་ངག་ལ་ཕྱི་སྙན་ངག་འདི་རིགས་ཀྱིས་ཤུགས་རྐྱེན་ཐེབས་ནས་འཁོར་མ་ཅན་མང་དུ་ཡོད་ཅིང་། ཚིགས་བཅད་སྙན་ངག་ནང་དུའང་འདིའི་སྒྲིག་གཞི་བཀོལ་སྤྱོད་བགྱིས་པ་འཇུ་སྐལ་བཟང་གི《ལྗོན་པའི་ཕུགས་བསམ》ལྟ་བུའོ། །

ལྔ། བརྩེགས་མ་ཅན།

ཡིད་བརྙན་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ཡིད་བརྙན་དུ་མ་ཕན་ཚུན་གཅིག་ལ་གཅིག་འདྲེས་སུ་སོང་ནས་བརྩེགས་མར་མངོན་ཞིང་། ནང་གནས་ཀྱི་འབྲེལ་བའི་སྒོ་ནས་མུ་ནས་མུ་རུ་གཏིང་ཟབ་པར་ཕྱིན་ཏེ་སྙན་ངག་གི་ཁམས་ཧྲིལ་པོར་བྱེད་ནུས་འདོན་པ་དང་སྦྲགས་མག་མོག་དང་གཏིང་ཟབ་པ། གོ་དཀའ་བ་དང་འགྲེལ་ཚུལ་མང་པོར་གནས་པར་འགྱུར་བ་ཞིག་སྟེ།

བགྲེས་སོང་ཚོས་ད་དུང་རྒྱང་ལྟ་བྱེད་ཀྱིན་འདུག

བྲག་རྡོ་ལ་སྐད་སྒྲ་མེད།

བྱ་རྒོད་ཀྱི་གཤོག་པར་སྐད་སྒྲ་མེད།

ཉི་ཟླའི་གཟི་འོད་ཀྱང་ལོ་རྒྱུས་ཀྱི་དབྱིངས་ལ་དལ་ཅག་གེ

ཆེས་མཐོ་བའི་སྤྲིན་དཀར་གྱི་སྒོ་ཡོལ་བརྒྱབ་ནས།

བྱ་རྒོད་ཀྱི་མིག་འབྲས་འགུལ་མེད་ངང་།

ཟངས་སེར་གྱི་བང་སོ་ཞིག་ལ་གཏད།

དེ་དུས་བྲག་ཅ་ཞིག་ཀྱང་གྲག་འོང་།

མེས་པོ་དང་དཔའ་བོའི་བླ་ཡི་དབུགས་ཀའི་འབྱིན་རྔུབ་ཇི་བཞིན།

— ལྗང་བུ། 《ཚོར་བ》

གོང་གི་ལྗང་བུའི་སྙན་ངག་འདིར་མཚོན་ན། བགྲེང་སོང་ཚོ∕བྲག་རྡོ∕བྱ་རྒོད∕ཉི་ཟླ∕སྤྲིན་དཀར་གྱི་སྒོ་ཡོལ∕ཟངས་སེར་གྱི་བང་སོ∕བྲག་ཅ་སོགས་ཡིད་བརྙན་གྱི་ཚོགས་པ་ཞིག་ལྷན་ཅིག་སྦྱོར་བ་བརྒྱུད་ནས་ཚོར་བ་དམིགས་བསལ་བ་ཞིག་སྤྲོ་ཞིང་། ཡིད་བརྙན་གྱི་ཚོགས་པ་འདི་ལྷན་ཅིག་སྦྱོར་བའི་སྒྲིག་གཞི་ནི་བགྲེས་སོང་ཚོའི་རྒྱང་ལྟ་ནས་མགོ་བརྩམས་ཏེ་བྲག་རྡོ་དང་བྱ་རྒོད་ཀྱི་གཤོག་པ་དང་ཉི་ཟླ་སོགས་ཀྱང་དལ་ཅག་གེའི་ཐིག་ཤིང་གིས་སྙོམས་ངོས་གཅིག་ཏུ་བཞག་པ་དང་། སླར་ཡང་མེས་པོ་མེས་པོ་དང་དཔའ་བོའི་བླ་ཡི་འབྱིན་རྔུབ་ལྟ་བུའི་བྲག་ཅའི་ཀློང་དུ་བྱ་རྒོད་ལ་ཉམས་ཞིབ་བསྐྱར་དུ་བཙུགས་ཏེ། སྙན་ངག་གི་ཁམས་ཧྲིལ་པོ་བྲག་ཅ་ཞིག་གི་ཀློང་དུ་བརྫངས་ཡོད། ལོ་རབས་བརྒྱད་ཅུ་བའི་དུས་མཇུག་ཙམ་ནས་གཞི་ནས་བརྩེགས་མ་ཅན་གྱི་ཡིད་བརྙན་སྙན་ངག་གསར་རྩོམ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། ད་ལྟའི་བོད་ཀྱི་དེང་རབས་སྙན་ངག་གི་ཡིད་བརྙན་གྱི་སྒྲིག་གཞི་གལ་ཆེན་ཞིག་ཏུ་ཆགས་ཡོད།

མཇུག་བསྡུ་བ།

ཡིད་བརྙན་བྱེ་བྲག་རྣམས་སོ་སོ་རང་རྐྱ་ཐུབ་པ་དང་ཕྱི་ཚུལ་ཅན། མངོན་སུམ་གྱི་གནས་ལུགས་སླ་མོའི་རྟེན་ཅིང་འབྲེལ་བ་ནས་སོ་སོར་འདྲེས་པ་དང་ནང་གནས་ཅན། མཚོན་བྱེད་དམ་ལྐོག་གྱུར་གྱི་རྟེན་ཅིང་འབྲེལ་བ་ཞིག་ཏུ་འགྱུར་བའི་གོ་རིམ་ནི་སྙན་ངག་དེ་སྲོལ་རྒྱུན་སྙན་ངག་ནས་དེང་རབས་སྙན་ངག་ཏུ་འགྱུར་བའི་གོ་རིམ་ཞིག་ཀྱང་རེད།

སྒོས་སུ་ཡིད་བརྙན་ནི་སྙན་ངག་གི་བླ་སྲོག་ཡིན་ཞེས་སྨྲ་བ་བཞིན། ཡིད་བརྙན་གྱི་མེ་ལོང་གོར་མོ་ཐོད་ལ་བཟུང་ནས། བོད་ཀྱི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྙན་ངག་ལ་ཀེར་བ་ན། མེ་ལོང་ནང་དུ་ཡིད་བྱེད་དང་ཚོར་འདུ། སྐད་ཆ། ཚིག་དང་བརྗོད་པ། སྒྲིག་གཞི་སོགས་ཀྱི་རྣམ་གྲངས་མང་པོ་སྤུ་རིས་མ་འདྲེས་པར་གསལ་ལེར་འཆར་ཡོང་བ་དང་། འཆར་ནས་ཀྱང་དེ་དག་གི་རྣམ་པ་སྔ་མ་ནས་རྣམ་པ་གསར་པར་ཇི་ལྟར་གྱུར་པའི་ཆ་རྣམས་ལ་བློ་བསྐྱེད་མི་དམན་པ་འབྱུང་བར་འགྱུར་བས། ཡིད་བརྙན་འདི་ནི་སྙན་ངག་གསར་བ་ལ་ཤིན་ཏུ་རྣོ། མ་ཟད་ཡིད་བརྙན་གྱི་རྣམ་གྲངས་དགར་སྟངས་ཀྱི་ངོས་ནས་ཀྱང་། ནུབ་ཕྱོགས་དང་རྒྱལ་ནང་ཅི་རིགས་ཀྱི་ཐབས་ལམ་དང་། རང་སྒེར་གྱི་ངོ་བོར་འཚམ་པའི་ཐབས་ལམ་སོགས་ཕྱོགས་མང་པོའི་སྒོ་ནས་བལྟས་ཚེ། སྙན་ངག་གི་ནང་གི་འགྱུར་བ་མཐོང་ཐུབ་པར་མ་ཟད། སྒོས་སུ་ལོ་རབས་བརྒྱད་ཅུ་བའི་བར་བརྒལ་དུས་བབ་ཀྱི་བོད་མིའི་ཡིད་བྱེད་དང་རིག་གནས་ཀྱི་འཁོར་ཕྱོགས། མཛེས་འཛིན་གྱི་འཁྱེར་སྟངས། གསར་རྙིང་གི་འགལ་འདུ་སོགས་ཆ་འཕྲིན་ཕོན་ཆེན་པོ་ཞིག་མཐོང་བར་འགྱུར་བས། ཡིད་བརྙན་ལ་སྤྱི་ཚོགས་རིག་པའི་རིན་ཐང་ཡང་རྨ་མེད་པ་ཞིག་ལྡན་པ་རྟོགས་ཐུབ། །

མཆན།

[1] 汪耀进编,《意象批评》,成都,四川文艺出版社1989,86页。

[2] 刘易斯,《意象的定式》,牛津, 1989,96页。

[3] [4][5]འགྱུར་མེད་ཀྱིས་བསྒྲིགས།《ལང་ཚོའི་རྦབ་ཆུ》ཟི་ལིང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1990ཤོས་ངོས74ཤོག་ངོས103ཤོག་ངོས245

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།