བོད་དུ་བོན་ཆོས་དར་ཚུལ་དང་བན་བོན་གཉིས་ཀྱི་འབྲེལ་བའི་སྐོར་མདོར་ཙམ་གླེང་བ།

དེང་སྐབས་ཡོངས་གྲགས་སུ་བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་བོད་ཡུལ་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཀྱིས་དར་བའི་གདོད་མའི་ཆོས་ལུགས་ཤིག་ཡོད་པ་སྟེ་བོན་ཉིད་ཡིན་ནོ་ཞེས་བཞེད་དགོངས་གཅིག་མཐུན་ཏུ་གྱུར་ཡོད་དེ། 《དེབ་ཐེར་དཀར་པོ》ལས།“གཡུང་དྲུང་རྣམས་ཀྱི་ལྟར་ན་ཐོག་མར་བོན་གྱི་ཡུལ་ཅེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཅེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། ། བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ་འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་འབའ་ཞིག་དར་བས་མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་བོན་གྱི་ཡུལ་ཅེས་འབོད་པ་ཡང་བོན་ཅེས་བྱ་བའི་སྐད་དང་ཉེ་བས་སོ། ། དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན་བཙུན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཡང་ཕན་ཚུན་བརྗེས་སྲིད་པས་སོ། ། ”①ཞེས་གསུངས་ཡོད་པ་དང་། ཡང《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས་ཀྱང་།“སྤྱིར་བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆགས་ཏེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད་ལ། ལུང་གིས་ཀྱང་ངེས་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། མཁས་པ་མི་བཞི་དང་སྐུ་སྲུང་སྡེ་བཞི། གེར་མི་སྤུན་གསུམ་གྱི་རིང་ལ་མངའ་རིས་བོན་གྱིས་སྐོར་དུ་འགྱུར་བ་ལགས།” ཡང“གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱིས་བོན་ཁམས་ཞེས་གྲགས་སོ། ། ”②ཞེས་གསུངས་པ་ལྟར། མདོར་ན་བོན་ཞེས་བྱ་བ་ནི་བོད་དུ་ཆེས་དར་སྔ་ཤོས་ཀྱི་ཆོས་ལུགས་སམ་གདོད་མའི་དད་མོས་ཤིག་ཡིན་པ་སྨྲོས་མེད་རེད།

དང་པོ། བོན་ཆོས་དར་ཚུལ་གྱི་ལོ་རྒྱུས་མདོར་ཙམ་གླེང་བ།

འདིར་བོན་ཞེས་བྱ་བ་ནི་མཐའ་གཅིག་ཏུ་གནའ་ནས་ད་བར་དུ་མ་ཉམས་པར་གནས་པའི་ཆོས་ལུགས་ཀྱི་སྤྱི་མིང་ཙམ་ལ་བརྗོད་པ་མ་ཡིན་པར། དེ་ནི་འགྲོ་བ་མིའི་ཤེས་རིག་དར་ཞིང་རྒྱས་པའི་སྔོན་གྱི་ཆོས་ལུགས་ཀྱི་ཐོག་མའི་རྣམ་པ་ཞིག་ཡིན་ལ། དེ་ལ་དམའ་རིམ་ནས་མཐོ་རིམ་དུ་འཕེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡོད། བོན་གྱི་དབྱེ་ཚུལ་ལྟར་ན་སྟོན་པ་གཤེན་རབ་མ་བྱུང་གོང་ནས་དར་སྲོལ་ཡོད་པའི་ལྷ་གསོལ་དགེ་སྒྲུབ་ཀྱི་གདོད་མའི་དད་མོས་ཀྱི་ཆོས་དད་སྣང་ཚུལ་དེ་ལ་བོན་ནམ་གདོད་མའི་བོན་ཞེས་བྱ་སྟེ། 《གཟི་ཡི་ཕྲེང་བ》ཡི་ནང་། “བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་མ་བྱོན་དུས་བདུད་ལ་བརྟེན་མཁན་གྱི་བདུད་བོན་ཟེར་བ་དང་། བཙན་ལ་བརྟེན་མཁན་གྱི་བཙན་བོན་ཟེར་བ་འདྲ་པོ་བོན་པོའི་རིགས་མི་འདྲ་བ་འགའ་ཞིག་ནི་དེ་དུས་ནས་ཡོད་པ་དང་།” ③ཞེས་བོན་ཞེས་པའི་ལུགས་སྲོལ་འདི་གདོད་མའི་དུས་ནས་དར་བ་ཞིག་ཡིན་པ་བསྟན་ཡོད།

དེ་ན་གདོད་མའི་བོན་དེ་ཇི་ལྟར་དར་བ་ཡིན་ཞེ་ན། ཡ་ཐོག་འགྲོ་བ་མིའི་རིགས་བྱུང་བའི་དུས་སུ་ཤེས་རྟོགས་ཀྱི་ཡོན་ཚད་དམའ་ཞིང་བསམ་བློའི་འདུ་ཤེས་གུ་དོག་པ། འཚོ་བའི་མཐུན་རྐྱེན་ཞན་པ་དང་བཅས་རང་བྱུང་ཁམས་ཀྱི་ནུས་ཤུགས་ངོས་འཛིན་བྱེད་མ་ཐུབ་པར་འཁྲུལ་སྣང་གི་འདུ་ཤེས་ལས་ཁོ་ཚོའི་སྣང་ངོར་གནམ་ལ་གནམ་ལྷ་དང་བར་སྣང་དུ་གཉན། བྲག་ལ་བཙན། ས་འོག་ན་ཀླུ། དེ་མིན་ཡུལ་ལྷ། ཆུ་ལྷ། ནགས་ལྷ། ཁྱིམ་ལྷ། ཐབ་ལྷ། སྒོ་ལྷ། ལུས་ལྷ། ཕོ་ལྷ། མོ་ལྷ་སོགས་འཇིག་རྟེན་ཧྲིལ་པོ་ཀུན་ཏུ་ལྷ་ཀླུ་གཉན་བཙན་གནོད་སྦྱིན་གཞི་བདག་ལྟ་བུས་བསྐྱངས་ཡོད་པར་འདོད་པ་དང་། དེ་ནས་རིམ་བཞིན་འཚོ་བའི་དགོས་མཁོ་དང་བསྟུན་ཐོན་སྐྱེད་གོང་འཕེལ་ཕྱིན་ནས་མི་རྣམས་ཀྱི་ཤེས་རྒྱ་ཆེ་རུ་བསྐྱེད་པ་དང་གེགས་མེད་བདེ་བླག་ཏུ་འཚོ་ཞིང་། ཡིད་ཀྱི་ཁེ་ཕན་མཐའ་དག་འགྲུབ་ཆེད་དུ་རང་བྱུང་གི་དངོས་པོ་དང་སྣང་ཚུལ་ཅི་རིགས་ལ་རང་སྟེང་གི་ཉམས་མྱོང་གཞིར་བཞག་དཔྱད་པ་བཏང་ནས་རང་བྱུང་གི་སྣང་ཚུལ་སྣ་ཚོགས་ལས་ཕན་མེད་གནོད་བྱེད་རྣམས་གདོན་འདྲེ་རུ་བརྩིས་ཤིང་། མིའི་འཚོ་བ་ལ་ཕན་འདོགས་བྱེད་ཐམས་ཅད་ལྷ་དང་སྲུང་མ་ཡིན་པར་ངོས་བཟུང་ནས་ལྷ་ལ་མཆོད་བཀུར་གསོལ་འདེབས་དང་དམར་མཆོད་ཀྱིས་གསོལ་ཁ་བྱེད་པའི་ཆོ་ག་དང་གོམས་སྲོལ་ཞིག་དལ་གྱིས་ཆགས་པ་རེད། དེར་བརྟེན་ལྷ་གསོལ་དགེ་སྒྲུབ་ཀྱི་ཆོ་ག་དེ་དག་གདོད་མའི་དད་མོས་ཤིག་ཏུ་ངོས་འཛིན་མོད། དེ་ལ་གཅིག་གྱུར་གྱི་ཚོགས་པ་དང་སྒྲིག་གཞི། གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་མེད་པས་དངོས་སུ་ཆོས་ལུགས་ཤིག་ཏུ་གྲུབ་ཐུབ་མེད་ལ། དེས་མི་རྣམས་ཀྱི་འཇིག་རྟེན་ཤེས་རྟོགས་ཀྱི་འདུ་ཤེས་དང་འཚོ་བའི་འཕེལ་རིམ་ཙམ་ཞིག་མཚོན་པ་དང་། ཆོས་ལུགས་ཀྱི་བྱུང་རིམ་ཞིག་ཡིན་ཞེས་ཟེར་ཀྱང་ཆོག་སྟེ། རང་བྱུང་ལས་བརྒལ་བའི་སྟོབས་ཤུགས་ལ་དད་མོས་བྱེད་པའི་ལྷ་གསོལ་དགེ་སྒྲུབ་ཀྱི་སྣང་ཚུལ་དེ་དག་ལ་བོན་ཏེ་གདོད་མའི་བོན་ཞེས་བརྗོད།

དེ་ནས་ཐོན་སྐྱེད་གོང་འཕེལ་ཕྱིན་པ་དང་རིམ་བཞིན་གྲལ་རིམ་བྱུང་ནས་སྤྱི་ཚོགས་ཤིག་ཆགས་པ་བརྒྱུད་མི་ཚོའི་འདུ་ཤེས་ཀྱི་ལྷ་རྣམས་དོན་དངོས་ཀྱི་འཚོ་བ་དང་ཐག་ཇེ་ཉེར་གྱུར་ཅིང་འཇིག་རྟེན་པའི་ལྷའང་མང་པོ་ཞིག་ཡོང་ཡོད་དེ། རང་བྱུང་ཁམས་ལ་མཆོད་པ་དང་སྐྱེ་དངོས་ལ་མཆོད་པ། གཤིན་པོའི་བླ་ལ་མཆོད་པ། ཡབ་མེས་ལ་མཆོད་པ། གཡང་གི་སྒོ་ཕྱུགས་ལ་མཆོད་པ། སྐུ་བརྙན་དང་ཞལ་ཐང་ལ་མཆོད་པ་སོགས་བྱུང་ལ།དེ་དག་ནི་བོན་ལུགས་ཀྱི་ཆོ་ག་ཐོག་མར་ངོས་འཛིན་ཞིང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་དེས་འཚོ་བའི་དགོས་མཁོ་ཞིག་ཀྱང་བསྐྲུན་ཡོད། དེ་ལྟར་མི་ཚོའི་ཤེས་རྟོགས་མཐོ་རུ་ཕྱིན་ནས་འཚོ་བའི་མཐུན་རྐྱེན་དང་དགོས་མཁོ་བརྒྱུད་གདོད་མའི་ཆོས་ལུགས་དེ་སྒྲིག་གཞི་དང་གཞུང་ལུགས། ཕྱག་ལེན། ཆོ་ག་བཅས་འཐུས་ཚང་ལྡན་པའི་ཆོས་ལུགས་ཤིག་ཏུ་ཆགས་རྒྱུ་ནི་སྐབས་དེའི་སྤྱི་ཚོགས་ཡོངས་ཀྱི་ཉ་མོ་ཆུ་འདོད་ལྟ་བུའི་དགོས་མཁོར་གྱུར། གཞུང་ལས།“བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་བསམ་པའི་རྨང་གཞིའི་ཐོག དམར་མཆོད་བྱེད་པ་སོགས་གདོད་མའི་བོན་གྱི་ཆོ་ག་བྱེད་སྟངས་ལ་བསྒྱུར་བཅོས་མཛད་ཅིང་། ཐེག་པ་རིམ་དགུ་དང་གཡེན་མཁན་སོ་གསུམ་སོགས་ཀྱི་རིག་པའི་གཞུང་ལུགས་གསར་དུ་མཛད་དེ། གདོད་མའི་བོན་གྱི་ལྷ་རིགས་དང་གདོན་རིགས་རྣམས་ལ་རྒྱབ་རྟེན་སྲ་ཞིང་བརྟན་པ་ཞིག་གསར་གཏོད་མཛད་ཡོད།”④ ཅེས་སྟོན་པ་གཤེན་རབ་བྱོན་རྗེས་བོད་ཀྱི་གདོད་མའི་ཆོས་ལུགས་དེ་སྔར་བས་མི་སྤྱོད་དང་འཚམས་ཤིང་རིག་པའི་གཞུང་ལུགས་དང་ལྡན་པ་ཞིག་ཏུ་འཕེལ་རྒྱས་བཏང་བས་དེ་ལ་གཡུང་དྲུང་བོན་ཟེར་ཞིང་། དེ་གཤེན་རབ་མི་བོ་ཆེས་ཐོག་མར་སྲོལ་ཕྱེ་བར་འདོད་དོ། ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས།“གསུམ་པ་བོན་གང་ཞིག་དར་སྙམ་ན། སྒྲ་འགྲེལ་ལས། བཤོས་ཀྱི་ལྷ་བོན། གྲོང་གི་འདུར་བོན་དང་། ཡང་དག་པའི་སེམས་བོན་གསུམ་དར་རོ། ། ཞེས་པས་ཡར་ལྷ་ལ་གསོལ་མཆོད་འབུལ་བ། མར་འདྲེ་ལ་གླུད་བསྔོ་བ། བར་གཤིན་པོ་ལ་འདུར་དང་འདྲེན་ཆོག་བྱེད་ཅིང་། གསོན་པོ་ལ་སེམས་དོན་བསྟན་ནས་ཐར་པར་འདྲེན་པའོ། ། ”ཞེས་གསས་ཁང་བ་རབ་ཡོངས་འདུལ་བཞེངས། དུས་འཁོར་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱ་དང་བཅས་གཏན་ལ་ཕབ། དེ་ནས་སྟེང་ལྷ་ཡུལ་དང་འོག་ཀླུ་ཡུལ་དུ་བྱོན་ཏེ་བོན་གྱི་བསྟན་པ་སྤེལ། མཐར་མི་ཡུལ་དུ་བྱོན་ནས་རྒྱ་དཀར་ནག་དང་མི་ཉག བལ་བོ། ཨོ་རྒྱན། ཟ་ཧོར། ཁ་ཆེ། ཐོད་དཀར། ལི་ཡུལ། ཁྲོམ། སྟག་གཟིག སུམ་པ། ཞང་ཞུང་། བོད་བཅས་ལ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། 《ཐེག་རིམ་གསལ་སྒྲོན》ལས། “སྟག་གཟིག་ནས་རྒྱ་དཀར་ནག་དང་ཞང་ཞུང་དུ་འགྱུར། དེ་གསུམ་ནས་བོད་དུ་འགྱུར་བས་སུམ་འགྱུར་རོ། ། ”ཞེས་གསུངས་པ་ལྟར། གདོད་མའི་བོན་དེ་རང་བྱུང་དད་མོས་ནས་རིམ་བཞིན་གཡུང་དྲུང་བོན་ཏེ་མིས་བསྟན་ཆོས་ལུགས་སུ་བརྒལ་ནས་སྤྱི་ཚོགས་ཀྱི་གཙོ་རྒྱུགས་ཆོས་ལུགས་ཤིག་ཏུ་གྱུར་ཏོ། །

དེ་ལྟར་བོད་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་ཡར་ཀླུང་པུར་རྒྱལ་གྱི་སྟོབས་ཤུགས་ཆེས་ཆེར་འཕེལ་ཞིང་། 《ལེགས་བཤད་མཛོད》ལས། “རྗེ་དེ་ལྷ་རི་གྱང་ཐོའི་ཁ་ནས་ཡར་ལུང་སོག་ཀར་བབ་པ་མི་རྣམས་ཀྱིས་གཉའ་བར་བཏེག་པས། རི་ལྷ་རི་གྱང་ཐོ། རྗེ་གཉའ་ཁྲི་བཙན་པོ། གཤེན་སྣང་བའི་མདོག་ཅན། བོན་གསང་སྔགས་སྤྱི་སྤུངས། མཁར་བྱི་བ་སྟག་རྩེ་ཞེས་གཏམ་དུ་གྲགས་སོ། ། ”ཞེས་པུར་རྒྱལ་བཙན་པོ་སྟེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་ལ། སྐུ་གཤེན་མཚེ་མི་དམུ་རྒྱལ་དང་གཙོའུ་ཕྱག་དཀར་གཉིས་ལ་བསྟེན། དུས་དེ་ནས་བཟུང་རྒྱལ་པོས་སྐུ་གཤེན་བསྟེན་པའི་སྲོལ་དར་བ་དང་བོན་གྱིས་སྲིད་དབང་ལ་ཐེ་གཏོགས་བྱེད་པའི་མགོ་བརྩམས་པ་དང་། རྒྱལ་པོ་དེའི་རིང་ལ་མགོན་ཤེས་ལྷ་བོན་སྟེ་ལྷ་ཡར་གསོལ་བས་མགོན་བྱེད་པ། གཡང་ཤེས་ ་བོན་གཡང་ཚུར་བླངས་པས་ནོར་ཕྱུགས་འཕེལ་བ། འགྲོ་ཤེས་གླུད་གཏོང་སྟེ་གླུད་ཕར་བཏང་བས་འདྲེ་ཚིམས་པ། འདུར་ཤེས་སྲིད་གཤེན་ཏེ་ཤི་བ་འདུར་བས་བདེ་བ་ཐོབ་པ། གཙང་ཤེས་སེལ་འདེབས་ཏེ་གཙང་སྨྲེ་ཕྱེ་བས་ལྷ་སྲུང་བསྐངས་པ། སྒྲོལ་ཤེས་ལྷ་བོན་ཏེ་དགྲ་བགེགས་སྒྲོལ་བས་འཚེ་བ་མེད་པ། ཕན་ཤེས་སྨན་དཔྱད་དེ་ནད་གསོ་བས་ཚེའི་བར་ཆད་མེད་པ། སྐོས་ཤེས་རྩིས་མཁན་ཏེ་རྩིས་འདེབས་པས་སྔ་ཕྱིའི་བལྟས་བཟུང་བ། སྨྲ་ཤེས་གཏོ་དགུ་སྟེ་ཁམས་སའི་གླུད་བསྔོས་པས་འདྲེ་ལ་ཤགས་འདེབས་ཤེས་པ། ལྡིང་ཤེས་ཤ་བ་སྟེ་བག་ཕྱེའི་ཤ་བ་གཏོང་བ་བཙན་གྱི་ཡུལ་དུ་འཕུར་ཤེས་པ། འཕུར་ཤེས་ཇུ་ཕིག་སྟེ་མོ་ལྷ་བདར་བས་ལེགས་ཉེས་མངོན་ཤེས་གསལ་བ། འགྲོ་ཤེས་འཕྲུལ་བོན་ཏེ་རྩི་ཤིང་བན་བུན་བསྔོས་པས་ལྷ་འདྲེའི་ཡུལ་དུ་རང་འགྲོས་བྱེད་ཅིང་ལྷ་འདྲེའི་གནོད་པ་ཞི་བ་དང་བཅས་བོན་ཤེས་པ་ཅན་བཅུ་གཉིས་དར་བ་རེད།

དེའི་རྗེས་སུ་གནམ་གྱི་ཁྲི་བདུན་ལས་ལྷག་པར་དུ་མུ་ཁྲི་བཙན་པོའི་རིང་ལ་དབུས་གཙང་རུ་བཞིར་འདུ་གནས་ཆེན་པོ་སོ་བདུན་བྱུང་ཡོད། དེ་ནས་སྟོད་ཀྱི་སྟེང་གཉིས་ལས་སྤུ་དེ་གུང་རྒྱལ། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད།བར་གྱི་བཙན་ལྔ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི།བཅས་གྲི་གུམ་བཙན་པོ་ཕུད་པའི་རྒྱལ་རབས་སོ་གཅིག་རིང་ལ་ཆབ་སྲིད་ནི་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ལ་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། རྒྱུའི་ཐེག་པ་བཞི་གཤེན། སྣང་གཤེན། སྲིད་གཤེན། འཕྲུལ་གཤེན་སོགས་དེ་དག་གིས་སྣང་སྲིད་ཀྱི་ལྷ་འདྲེ་ལ་མཆོད་བཀུར་དང་གདོན་བགེགས་ལ་གཏོར་བཟློག་བྱེད་པ་སོགས་འཇིག་རྟེན་པའི་ཐེག་པ་དར་ཞིང་རྒྱས་ལ་བོད་ཡུལ་དུ་གྲུབ་མཐའ་ལ་སྔ་བ་བོན་པོ་ཡིན་ཟེར་བའི་གཏན་ཚིགས་བྱུང་།《རྣམ་འབྱེད་འཕྲུལ་ལྡེ》ལས་ཀྱང་། རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། ། གནམ་རི་སྲོང་བཙན་ཡན་ཆད་དུ། ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། ། སྐད་རིགས་བསྒྱུར་བའི་ལོ་པཎ་རེ། ། བྱས་ཐབས་གསུང་རབ་རེ་རེ་བཞག །ཅེས་གསུངས་ཡོད་པས། སྐབས་དེར་བོན་ཆོས་འཕེལ་ལ་ཆབ་སྲིད་རྒྱས་པའི་རྣམ་པ་བཟང་པོར་འབྱོར་ཚུལ་མངོན་གསལ་དུ་མཐོང་ཐུབ་བོ། །

གཉིས་པ། བཙན་པོའི་རྒྱལ་རབས་སུ་བོན་གྱི་བསྟན་པ་སྔ་ཕྱི་ཐེངས་གསུམ་དུ་དར་ཚུལ་སྐོར་གླེང་བ།

བོན་ཆོས་ནི་བོད་རང་གི་མེས་པོས་བསྐྲུན་པའི་རང་ས་རང་ཡུལ་ནས་ཐོན་པའི་ཆོས་ལུགས་ཤིག་ལ་གཞིར་བཞག་ན་དེའི་ནུས་པའང་དེ་ལས་མ་འདས་པ་གོང་གསལ་ལས་མཐོང་གསལ་ལྟར། ཡིན་ནའང་ཉི་མ་ལ་འཆར་ནུབ་དང་དངོས་པོ་ལ་འཕེལ་འགྲིབ་ནི་འཇིག་རྟེན་གྱི་ཆོས་ཉིད་ཇི་བཞིན་བོན་ཆོས་ལའང་གྲི་གུམ་བཙན་པོའི་ཡར་སྔོན་བར་གྱི་བསྟན་པ་སྔ་དར་དང་། སྤུ་དེ་གུང་རྒྱལ་ནས་ཁྲི་སྲོང་ལྡེའུ་བཙན་བར་གྱི་བསྟན་པ་བར་དར། ཁྲི་སྲོང་ལྡེའུ་བཙན་མན་ཆད་ཀྱི་བསྟན་པ་ཕྱི་དར་བཅས་ཀྱི་བསྟན་པ་དར་འགྲིབ་ཀྱི་དུས་རིམ་གསུམ་བརྒྱུད་ཡོད།

དེ་ཡང་གྲི་གུམ་བཙན་པོའི་དུས་སུ་བོན་གྱི་བསྟན་པ་ཐེངས་དང་པོར་ནུབ་པར་གྲགས།《ལེགས་བཤད་མཛོད》ལས། “དུས་དང་ལས་དང་རྐྱེན་གྱི་དབང་གིས་ནུབ་ཚུལ་གསུམ་ཡོད་བྱ་སྟེ། དུས་ནི་སྤྱིར་སེམས་ཅན་གྱི་ལས་སྤྱོད་དམན་པས་ཚེ་ལོ་མར་ཕྲི་ནས་སྙིགས་མ་ལ་ཐུག་པའི་དབང་གིས་བསྟན་པའི་སྙིང་པོ་སའི་སྟེང་ན་བཞུགས་དཀའ་བས་གཡུང་དྲུང་བོན་འདི་ཐེངས་གཅིག་ཏུ་ནུབ། ལས་ནི་སྤྱིར་བོད་རྣམས་བསོད་ནམས་ཆུང་ཞིང་དུག་ལྔ་རགས་པ་དང་ནང་སྒོས་སུ་རྒྱལ་པོ་བསོད་ནམས་ཟད་ཅིང་ཉོན་མོངས་ཆེ་བའི་སྡིག་བཅུ་ཁ་ཚང་དུ་སྤྱད་པས་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར་ཏེ། སེམས་ཅན་མི་གཙོ་ལས་ཉིད་གཙོ་བས་བོན་འདི་ནུབ། རྐྱེན་ནི་བསྒྲགས་བྱང་ལས‘ཆེ་གསུམ་དབང་གིས་མེ་འབར་བ། ། ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། ། ’བཞིན་དུ་རྒྱལ་པོ་ནི་ཀུན་གཙོ་བོར་གྱུར་པས་མངའ་ཐང་གི་དྲེགས་ཆེ་སྟེ་ཞེ་སྡང་གི་མེ་འབར། གཤེན་པོ་རྣམས་ཡོན་ཏན་གྱིས་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར། བློན་པོ་ནི་བློའི་དྲེགས་ཆེ་སྟེ་ཕྲག་དོག་གི་མེ་འབར་ཞིང་། ཆུང་གསུམ་ནི་བློན་པོ་ལ་སོགས་པས་ཕྲ་མ་སྐྱེལ་བ་དང་། རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང་བོད་འབངས་ཀྱི་ཁ་སྨྲས་ངན་པ་མཆེད་པ་སྟེ་གསུམ་པོ་མིའི་ཐོག་ཏུ་ཤིང་བསྣན་པ་ལྟ་བུར་གཡུང་དྲུང་བོན་འདི་ནུབ་བོ། ། ”ཞེས་གསུངས་པ་ལྟར། གྲི་གུམ་བཙན་པོས་ཚེ་སྨད་དུ་བོན་ལོག་སྒྲུབ་ཀྱི་བཀའ་བབ་སྟེ་ནུབ་པས་འབངས་རྣམས་ཁྲོས་ཤིང་མཐར་ལོ་ངམ་གྱིས་བཙན་པོ་བཀྲོངས་པ་རེད། བཙན་པོ་འདིའི་བར་དུ་བོན་གྱི་བསྟན་པ་སྔ་དར་དུ་བརྗོད།

དེའི་རྗེས་དེ་ཡི་སྤུ་དེ་གུང་རྒྱལ་གྱིས་ཞང་ཞུང་ནས་ཁྱུང་ཕོ་མི་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང་། བོན་སྒོ་བཅུ་གཉིས། བོན་གྱི་མཛོད་སྒོ་མང་པོ་དང་། ཕྲ་མོ་བཅུ་དང་ཐེག་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་བར་མཛད། འདི་ནི་བོན་གྱི་བསྟན་པ་བར་དར་གྱི་མགོ་ཚུགས་པའི་སྐབས་རེད།

དུས་རབས་བདུན་པའི་དུས་མགོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡོངས་གཅིག་གྱུར་བྱས་ཏེ“ཞང་ཞུང་ནས་ཞང་ཞུང་ཟ་ལིག་ཏིང་སྨན་བླངས་པས་ཞང་ཞུང་གི་ལྷ་གཤེན་རབ་བསྟན་པའི་གཙོ་བོ་དགུང་ལོ་གཅིག་པའི་སྐུ་ཚད་གདན་དྲངས་ནས། ཐེམ་ཆེན་ལྷ་ཁང་བཞེངས། བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་བླངས་པས། བལ་པོའི་ལྷ་དངུལ་གྱི་བྱམས་པ་འཁོར་ལོ་གདན་དྲངས་ནས(ཇོ་བོ་མི་བསྐྱོད་རྡོ་རྗེ)ར་ས་འཕྲུལ་སྣང་བཞེངས། རྒྱ་ཡུལ་ནས་རྒྱ་བཟའ་ཨོ་ཆུང་བླངས་པས། རྒྱ་ནག་གི་ལྷ་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་གདན་དྲངས་ནས(ཇོ་བོ་ཤཱཀྱ་མུ་ནེ)ར་མོ་ཆེའི་ལྷ་ཁང་བཞེངས།”⑤ དེ་ལྟར་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་མེ་སྟག་སྦར་བ་རེད། བཙན་པོ་འདིའི་རིང་ལ་རིག་གནས་ཀུན་ཕྱོགས་ཞེན་མེད་པས་ཆོས་ལུགས་གང་ལའང་སྐུ་གཤེན་ཞེས་པའི་ཐོབ་ཐང་དམིགས་བསལ་ཅན་གནང་སྲོལ་དེ་རིགས་མཐོང་རྒྱུ་མེད་ལ། བོན་ལུགས་ཀྱི་ཆབ་སྲིད་དབང་བསྒྱུར་ལའང་གཡོ་འགུལ་ཐེབས་མགོ་ཚུགས།《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》ལས་བོན་པོའི་ཆོས་ལུགས་དེས་ལོ་ལྟར་སེམས་ཅན་མང་པོ་དམར་མཆོད་འབུལ་དགོས་པའི་རྐྱེན་གྱིས་རྒྱལ་པོ་སྲོང་བཙན་སྒམ་པོས་བོན་ཆོས་བསྣུབས་ཚུལ་བཀོད་ཡོད་པ་དང་། 《ལེགས་བཤད་མཛོད》དང《བྱམས་མ》སོགས་ལས་ཀྱང་སྲོང་བཙན་སྒམ་པོའི་རིང་ལ་བོན་ཆོས་སྣུབ་གྲབས་མཛད་པ་གསུངས་ཡོད། དེ་མིན་ལོ་རྒྱུས་གཞན་དག་ཏུའང་སྲོང་བཙན་སྒམ་པོས་ཐོག་མར་བོན་ཆོས་ལ་དད་ཅིང་མཐར་ནད་ཡམས་ཀྱིས་བཅོམས་ཤིང་ནང་པ་ཐུབ་བསྟན་པ་ཞིག་གིས་བསྐྱབས་པས་བཙན་པོས་ཀྱང་ཁག་ཐམས་ཅད་བོན་ཆོས་ཀྱིས་གདོན་པར་གཞིར་བཞག་ནས་ནང་པར་དད་མགོ་ཚུགས་པ་སོགས་བཤད། མདོར་ན། བན་བོན་གཉིས་བར་རྩོད་པ་ཆེས་ཐོག་མའང་དེ་སྐབས་བྱུང་བ་ཡིན་པ་རྟོགས་ཐུབ།

དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སླར་ཡང་བོན་ནུབ་པ་རེད། སྐབས་འདིར་བན་བོན་འཐབ་རྩོད་དེ་ཆེས་ཛ་དྲག་ཏུ་གྱུར། དེ་སྔོན་ཁྱེའུ་གསུམ་གྱིས་སྨོན་ལམ་བཏབ་པའི་མཐུ་ལས་སྔར་མཆོད་རྟེན་བརྩིགས་པའི་ཡོན་བདག་དེ་རྒྱལ་སྲས་ཁྲི་སྲོང་ལྡེའུ་བཙན་དུ་སྐྱེས། དགུང་ལོ་བརྒྱད་ལོན་དུས་རྒྱལ་སྲིད་བཟུང་། བཙན་པོ་ལོ་ན་ཆུང་བས་དབང་ཆ་ཡོངས་རྫོགས་བློན་པོ་མ་ཞང་ཁྲོམ་པས་བཟུང་སྟེ་ནང་པའི་ཆོས་བྱེད་མི་ཆོག་པའི་ཁྲིམས་དང་ལྷ་ཁང་བཤིག་པ་སོགས་བྱས་པས་བོད་ལ་དར་བའི་ནང་བསྟན་ཆོས་གཞུང་རྣམས་བསམ་ཡས་མཆིམས་ཕུའི་བྲག་གསེབ་ཏུ་སྦས། སྐབས་དེར་ཁོང་དབང་ཆ་ཆེ་དྲགས་པས་སུས་ཀྱང་རྒོལ་མ་ནུས། དེ་ནས་རྒྱལ་པོ་ནར་སོན་རྗེས་རྗེ་བློན་རྣམས་ནང་པའི་ཆོས་བྱ་བར་བློ་མཐུན་ཏེ་ཐབས་སྣ་ཚོགས་ཀྱིས་མ་ཞང་གསོན་པོར་དུར་དུ་བཅུག མཁས་དབང་དུང་དཀར་ལགས་ཀྱི《ཆོས་སྲིད་ཟུང་འབྲེལ》ལས་ཐེངས་འདིའི་དོན་རྐྱེན་ནི་བན་བོན་འཐབ་རྩོད་ཐེངས་གཉིས་པར་བརྩིས་ཡོད། དེ་ལྟར་བཙན་པོས་སྔོན་གྱི་སྨོན་ལམ་གྱི་དབང་གིས་བོན་ལས་ཆོས་ལྷག་པ་དགོངས་ནས་བོན་ལ་གསང་ནས་ཆོས་སྤྱད་པ། རྒྱ་གར་ནས་མཁན་ཆེན་བོ་དྷི་ས་ཏྭ་གདན་དྲངས་ནས་རྗེ་བློན་རྣམས་ལ་ཆོས་གསུངས་པས་བོན་པོ་རྣམས་མ་དགའ་བར། ཐོག་དང་ལོ་ཉེས། མི་ཕྱུགས་ལ་ནད་ཡམས་བྱུང་བས་ཨུ་རྒྱན་གྱི་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ་བོད་ཀྱི་འདྲེ་སྲིན་དམ་ལ་བཏགས་ཏེ་རྗེ་བློན་ཀུན་ཆོས་བྱེད་པ་ལ་འགལ་རྐྱེན་མེད་པར་མཛད།《ལེགས་བཤད་མཛོད》ལས་ཀྱང་། “དེར་རྒྱལ་པོས་ཀྱང་བོ་དྷི་ས་ཏྭས་འཕྲིན་རྫོངས་ལུགས་སམ། བོན་གྱི་འདུལ་སྡེ་རྣམས་ཀྱིས་ཀྱང་སྡིག་སྤྱོད་བྱེད་ལུགས་སམ། ཉི་ཟླའི་འོད་ཀྱི་འགྲིབ་ལུགས་སམ། མོན་གྱི་རྒྱལ་པོའི་རྨི་ལམ་སོགས་ལ་བརྟག་ན། གཡུང་དྲུང་གི་བོན་འདི་ཡང་ནང་པའི་དུས་ལ་བབ་པ་འདྲ་གསུངས་ནས་བསྣུབས་སོ། ། ”⑥ཞེས་བོན་ཆོས་ཡང་བསྐྱར་བསྣུབས་པ་གསུངས་ཡོད་པ་རེད། སྐབས་དེར་བོད་ཀྱི་རབ་བྱུང་ཐོག་མ་སད་མི་བདུན་བྱུང་བ་དང་། ནང་པའི་དགོན་སྡེ་ཐོག་མ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ། རྒྱ་གར་ཡུལ་ནས་པཎི་ཏ་བི་མ་ལ་མི་ཏྲ་ལ་སོགས་པའི་མཁས་པ་མང་པོ་སྤྱན་དྲངས། སྒྲ་བསྒྱུར་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་ཁ་ཆེ་ཨཱ་ནན་ད་དང་རིན་ཆེན་མཆོག ཀ་ཅོག་ཞང་གསུམ་སོགས་ཀྱིས་ལོ་ཙཱ་བྱས་ཏེ་སྒྲ་བསྒྱུར་གླིང་ནས་སྡེ་སྣོད་གསུམ་བོད་དུ་བསྒྱུར། དགེ་འདུན་གྱི་སྡེ་བཙུགས་ལ་བོད་འབངས་ཀུན་དགེ་བ་བཅུའི་ཁྲིམས་ལ་བཅུག་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་ཞིང་རྒྱས་པར་མཛད།

བན་བོན་འཐབ་རྩོད་ཐེངས་གསུམ་པ་བྱུང་བ་ནི་ཆོས་ལ་དགའ་བའི་འབངས་བློན་དག་གིས་རྒྱལ་པོ་ཁྲི་སྲོང་ལ“ལུང་བ་གཅིག་ལ་ཆོས་ལུགས་གཉིས་བྱུང་ན་བཀྲ་མི་ཤིས་པ་སྟེ་རྒྱལ་ཁབ་གཅིག་ལ་རྒྱལ་པོ་གཉིས་འབྱུང་མི་སྲིད་པ་བཞིན”ཞེས་རེ་བ་བཏོན་པས་བན་བོན་གཉིས་འགྲན་བསྡུར་དང་རྩོད་གླེང་བྱེད་དུ་བཅུག་ཐོག་བོན་རྣམས་ཕམ། རྒྱལ་པོས་བོན་རྣམས་བོད་ཡུལ་ནས་མཐར་སྐྲོད་བཏང་ཞིང་བོན་པོའི་ཆོས་དཔེ་ལ་ལ་ཆུ་ལ་བསྐུར། ལ་ལ་ས་འོག་ཏུ་བཅུག བོན་པོ་རྣམས་བཙན་གྱིས་བན་དེར་ལོག་ཏུ་བཅུག 《ལེགས་བཤད་མཛོད》ལས། “བན་དེ་རྣམས་ཀྱིས་བོན་སྡེ་མང་པོ་ཆོས་སུ་བསྒྱུར་ཏེ། དེའང་བོན་གྱི་སེམས་ཕྱོགས་ཀྱི་སྡེ་རྣམས་ཆོས་ཀྱི་སེམས་ལུང་ཕྱོགས་སུ་བསྒྱུར། བོན་གཡུང་དྲུང་ཁམས་བརྒྱད་ནི་ཆོས་སྟོང་ཕྲག་བརྒྱ་པར་བསྒྱུར། བོན་གཡུང་དྲུང་གསེར་གྱི་ཡང་ཁུན་ནི་ཆོས་ལྟ་བ་གཅེར་མཐོང་བྱ་བར་བསྒྱུར། བོན་བྱང་སེམས་གབ་པ་ནི་ཆོས་སེམས་སྨད་ཕྱོགས་སུ་བསྒྱུར་ཞིང་བཅོས། བོན་བསྒྲགས་པ་རིན་པོ་ནི་ཆོས་མཛད་གོང་མར་བྱ་བ་བསྒྱུར། དེ་བཞིན་དུ་བོན་སྡེ་མང་པོ་ཆོས་སུ་བསྒྱུར་ཏེ་མཚན་སྤོར། བོན་གྱི་གསས་ཁང་དང་མཆོད་རྟེན་ལ་ལ་བཤིག ལ་ལ་ཉིང་ཞལ་བྱས་ནས་ཆོས་ཀྱི་གཙུག་ལག་ཁང་དུ་མིང་བསྒྱུར་རོ། ། ”⑦ཞེས་གསུངས་པ་ལྟར། སངས་རྒྱས་ཆོས་ལུགས་མ་གཏོགས་བོན་པོའི་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས། དེ་ཡང་བཙན་པོས་བོན་ཆོས་བསྣུབས་སྐབས་གཡང་སྒྲུབ་པ་དང་མདོས་གླུད་གཏོང་བ། རོ་བསྲེགས་པ། ལྷ་བསང་གཏོང་བ། ཧོམ་བསྲེག་པ་སོགས་ཁག་གཅིག་མེད་པར་མ་བཟོས་པར་རྗེས་སུ་སངས་རྒྱས་ཆོས་ལུགས་པའི་ནང་དོན་དུ་བསྒྱུར་ནས་ད་ལྟའང་ཉམས་ལེན་བྱེད་བཞིན་ཡོད་པ་རེད། དེ་དུས་བོན་གཤེན་བློ་རྣོ་བ་འགས་བོན་གཞུང་ལ་ལ་གཏེར་དུ་སྦས་ལ་ཕྱིས་སུ་ཕྱིར་བཏོན་པ་ལ་བོན་གྱི་གཏེར་མ་ཡིན་ཟེར། ལ་ལ་དུམ་རེ་ཁྱེར་ནས་རང་རང་ཡུལ་དུ་གཤེགས་སོང་། དེ་ལྟར་བོན་པོའི་ཆོས་ལུགས་འདི་གཙོ་རྒྱུགས་རིག་གནས་ནས་མར་ལྷུང་དེ་དམངས་ཁྲོད་དུ་དར་ལ་ཁྱབ་པའི་དམངས་ཁྲོད་ཆོས་ལུགས་ཤིག་ཏུ་གྱུར་པ་རེད།

དེའི་རྗེས་ཁྲི་རལ་བ་ཅན་གྱི་དུས་སུ་ནང་པའི་ཆོས་ལུགས་དར་བ་ཡང་རྩེར་ཕྱིན་ཏེ་མི་རིགས་འདིའི་རིག་གནས་གལ་ཆེན་ནམ་རྒྱལ་ཁབ་དེའི་རྟགས་མཚན་དུ་གྱུར་ཡོད་མོད། མཐར་རྒྱལ་པོ་གླང་དར་མས་ནང་བསྟན་བསྣུབས་ཏེ་ཤུལ་བཞག་ཙམ་ཡང་མེད་པར་བཟོ་ཐབས་བྱས་ཤིང་། བོད་བཙན་པོའི་རྒྱལ་ཁབ་འདིའང་སིལ་བུར་ཐོར་བ་དང་། ཆབས་ཅིག་ཏུ་བོན་གྱི་བསྟན་པ་ཕྱི་དར་སླར་གསོ་ཡོང་བར་འོས་བབ་བསྐྲུན་པ་རེད།

མདོར་ན། བོན་ཆོས་དེ་ཆེས་ཐོག་མའི་གདོད་མའི་དད་མོས་ནས་རིམ་བཞིན་གཅིག་གྱུར་གྱི་ཆོས་ལུགས་ཤིག་ཏུ་འཕེལ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བསྐྱངས་ལ། འཕེལ་རྒྱས་ཀྱི་ཡང་རྩེར་ཕྱིན་རྗེས་དུས་དང་ལོ་རྒྱུས་ཀྱི་འཕེལ་རིམ། སྲིད་དང་དཔལ་འབྱོར་གྱི་དགོས་མཁོ་སྣ་ཚོགས་འོག་འཇིག་ཉེན་ལ་འཕྲད་དེ་སྔར་ཡོད་ཆབ་སྲིད་ཀྱི་གོ་གནས་དང་དབུ་ཁྲིད་ཀྱི་ནུས་པ་ཤོར་ནས་ཉམས་རྒུད་དུ་གྱུར་ཀྱང་མཐར་དམངས་ཁྲོད་དུ་ཁྱབ་བརྡལ་སོང་སྟེ་རིམ་བཞིན་མངོན་ལ་མི་མངོན་ཞིང་གསལ་ལ་མི་གསལ་བའི་དམངས་ཁྲོད་ཀྱི་རིག་གནས་ཤིག་ཏུ་གྱུར་ཡོད། ད་ལྟའི་དགོན་སྡེ་དང་ཡུལ་ལུང་ཀུན་ཏུ་སྔར་དར་ཤུགས་རྒྱས་པའི་གོམས་སྲོལ་ལ་ལ་དུས་ཀྱི་དབང་གིས་ལུང་མེད་ཁུངས་མེད་ཀྱི་རྣམ་པར་འགྱུར་བཞིན་ཡོད་ལ། ལ་ལ་ནི་མིང་ཙམ་མ་གཏོགས་ལོ་རྒྱུས་ཀྱི་ཤུལ་བཞག་ཙམ་ཡང་འཚོལ་ཐབས་བྲལ་བར་གྱུར་ཡོད་དོ། །

གསུམ་པ། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་བོན་པོའི་དགོན་སྡེ་ཁག་གི་ཁྱབ་ཚུལ་སྐོར།

བོན་པོའི་བསྟན་པ་སྔ་ཕྱི་ཐེངས་གསུམ་དར་ཀྱང་མཐར་ནང་པའི་ཤུགས་རྐྱེན་འོག་བོན་པོའི་གནས་བབ་ཤུགས་ཆུང་ལ། ནང་པ་དང་བསྡུར་ན་མི་གྲངས་ཉུང་བ། དགོན་སྡེའང་ཉུང་ལ་སྔར་ལྟར་གཞི་རྒྱ་ཆེན་པོ་སྤེལ་ཐུབ་མེད་ལ། ད་ལྟའི་བོད་ཡུལ་དུ་བོན་པོའི་འདུས་སྡོད་ས་ཁུལ་དང་དགོན་སྡེ་ཁག་གི་གནས་ཚུལ་གཤམ་གསལ་ཏེ། བོད་རང་སྐྱོང་ལྗོངས་སུ་དགོན་པ་དང་གསས་ཁང99དང་།ཀན་སུའུ་ཞིང་ཆེན་དུ9།མཚོ་སྔོན་ཞིང་ཆེན་དུ35།སི་ཁྲོན་ཞིང་ཆེན་དུ84བཅས་ཡོད།⑧

དེ་ལྟར་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་བོན་ཕྱོགས་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་གྱུར་པ་དང་དད་མི་ཇེ་ཉུང་དུ་ཕྱིན། ལྷག་པར་དུ་དགེ་ལུགས་པའི་གྲུབ་མཐའ་འདི་དར་འཕེལ་བྱུང་བ་བརྒྱུད་བོན་དགོན་མང་པོ་ཞིག་དགེ་ལུགས་པར་བསྒྱུར། ལ་ལ་ནི་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཐེབས་ནས་མེད་པར་བཟོས། ད་ལྟ་ང་ཚོའི་མཐོང་ཐུབ་པའི་བོན་དགོན་དང་རི་ཁྲོད་དག་ཀྱང་བན་བོན་འདྲེས་མ་ཡིན་པ་དང་བོན་རྐྱང་རྐྱང་ཞིག་ཡིན་ཀྱང་རང་གི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་མངོན་ཐུབ་པ་ཅན་ཤིན་ཏུ་དཀོན་ནོ། །

བཞི་པ། བན་བོན་གཉིས་ཀྱི་འབྲེལ་བ་དང་ནང་ཆོས་སུ་གནས་པའི་བོན་པོའི་ལུགས་སྲོལ་སྐོར་གླེང་བ།

དེ་ཡང《ཐུའུ་བཀྭན་གྲུབ་མཐའ》⑨ལས་བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ཅེས་རྣམ་པ་གསུམ་དུ་དབྱེ་བ་འདི་ལྟར། གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་རྒྱལ་རབས་ཉེར་དྲུག་གི་རིང་ལ་ཆབ་སྲིད་བོན་གྱིས་བསྐྱངས་མོད། དེ་དུས་བོན་ལ་མར་འདྲེ་སྲིན་གནོན་པ་དང་། ཡར་རྒན་གྱི་ལྷ་ལ་མཆོད་པ། བར་ཁྱིམ་གྱི་ཐབ་འདོན་པ་སོགས་བྱུང་བས་དེ་ལ་བརྡོལ་བོན་ཞེས་བྱ་ཞིང་རྒྱུའི་བོན་ཆབ་ནག་ཅེས་ཀྱང་གྲགས། གྲི་གུམ་བཙན་པོའི་སྐུ་རིང་ལ་ཨོ་རྒྱན་གྱི་ཚུར་རོལ། ཁ་ཆེའི་ཕ་རོལ། སྟག་གཟིག་གི་བར་ནས་ཨ་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་ཞིག་བོད་དུ་འོངས་ཏེ་སྤེལ་བར་འཁྱར་བོན་ཞེས་བྱུང་། དེ་ནས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བོན་ཆོས་ལ་དད་པ་བྱེད་མི་ཆོག་པའི་ཁྲིམས་བཅོས་ཏེ་བོན་པོ་རྣམས་བཙན་གྱིས་བན་དེར་ལོག་ཏུ་བཅུག དེར་བོན་ལ་དད་པའི་རིན་ཆེན་མཆོག་ཆོས་ལོག་ཏུ་བཅུག་པས་ཁོས་མ་འདོད་པ་ལ་རྒྱལ་པོའི་ཁྲིམས་བཅད་པས་ཁོ་ཁྲོས་ཏེ་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར། ཚུལ་དེ་རྒྱལ་པོས་མཁྱེན་ནས་དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་པ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་རབས་ཀྱི་སྐེ་བཅད་པས། བོན་པོ་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས། དེ་ལྟར་ཐེངས་གསུམ་ལ་ནང་པའི་ཆོས་གཞུང་མང་པོ་ཞིག་བོན་དང་བསྡེབས་ཏེ་བསྒྱུར་བ་ལས་བསྒྱུར་བོན་ཞེས་བྱ་བ་བྱུང་བ་དང་། དེའི་ནང་དོན་ཕལ་ཆེ་བ་སངས་རྒྱས་པའི་ཆོས་གཞུང་དང་མཐུན་པར་གྲགས། དེ་ལྟར་བན་བོན་འཐབ་རྩོད་དང་འཁྱར་བོན་བསྒྱུར་བོན་གྱི་ལོ་རྒྱུས་ཀྱི་དབང་གིས་བན་དང་བོན་གཉིས་རང་རང་གི་དགོས་མཁོ་དང་བསྟུན་མཁོ་བ་རྣམས་བླངས་ཏེ་ཁ་ཤས་བསྒྱུར་ཞིང་ཁ་ཤས་སོར་བཞག་བྱས་ཏེ་རང་ཐད་ནས་འཕེལ་རྒྱས་གསར་པ་ཞིག་འབྱུང་མགོ་བརྩམས་པ་རེད། དེའི་དབང་གིས་ནང་པའི་ཆོས་དང་བོན་ཆོས་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཞིག་ཆགས་ཡོད་ལ། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྱས་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་འགྱུར། །བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །” ⑩ཞེས་གསུངས་པ་ལྟར། བན་བོན་གཉིས་ཚད་ངེས་ཅན་ཞིག་གི་སྟེང་ནས་དགོངས་དོན་མཐུན་ཕྱོགས་མང་པོ་ཐོན་ཡོད། དེའི་ནང་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ། ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ། མི་མཇེད་འཇིག་རྟེན་དང་འཛམ་བུ་གླིང་གི་ཡུལ་སྡེ་ཆགས་ཚུལ། སངས་རྒྱས་སྟོན་པ་བྱོན་ཚུལ། ཆོས་གཞུང་དང་སྐུ་གསུངས་ཐུགས་རྟེན་གྱི་འཆད་ཚུལ་སོགས་ཕན་ཚུན་ཆ་འདྲ་ས་མང་པོ་ཞིག་ལྡན་ཡོད།

དེ་བས་དེང་སྐབས་དམངས་ཁྲོད་དུ་ནང་པས་བོན་ལུགས་ཀྱི་བྱེད་སྒོ་གང་མང་བརྒྱུད་ལེན་བྱས་ཏེ་བན་བོན་གཉིས་འདྲེས་པའི་ལུགས་སྲོལ་སྣ་ཚོགས་བྱུང་ཡོད་དེ། མདོ་དབུས་ཁམས་གསུམ་ཀུན་ཏུ་ཡུལ་སྲོལ་གོམས་གཤིས་ལ་ལ་གཅིག་གྱུར་ཏུ་ཁྱབ་ཡོད་ལ། དེའི་ནང་དུ་བོན་པོའི་ལུགས་སྲོལ་མང་པོ་ཞིག་ཉམས་ལེན་བྱས་ཡོད་པ་མངོན་གསལ་དུ་མཐོང་ཐུབ་སྟེ། དཔེར་ན། ལྷ་གསོལ་བསང་གཏོང་ལྟ་བུ་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་ལྷའི་རིགས་ལ་འཇིག་རྟེན་པའི་ལྷ་དང་འཇིག་རྟེན་ལས་འདས་བའི་ལྷ་གཉིས་སུ་དབྱེ་ཡོད་པ་སྟེ། འཇིག་རྟེན་ལས་འདས་པའི་ལྷ་དེ་གཙོ་བོ་དགོན་སྡེའི་མགོན་ཁང་དང་གྲོང་སྡེའི་མཆོད་ཁང་། སྒྲུབ་ཕུག གནས་རྩ་ཆེན་སོགས་སུ་བཞེངས་ལ། གཙོ་བོ་ཚེ་འདི་ཕྱི་གཉིས་ལས་ཕྱི་མའི་དོན་སྒྲུབ་པར་བཤད། མཆོད་ལུགས་སུ་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ནང་དོན་ལྟར་རི་དྭགས་དང་དུད་འགྲོའི་རིགས་སྣ་ཚོགས་ཕུད། གྲི་མདུང་སོགས་མཚོན་ཆའི་རིགས་སྣ་ཚོགས་ཀྱི་མཆོད་པ། དེ་མིན་དར་ལྕོག་དང་རླུང་རྟ། བསང་མཆོད། དཀར་གསུམ་མངར་གསུམ་གྱིས་མཆོད་པ་སོགས་ཡོད། འཇིག་རྟེན་པའི་ལྷ་དེ་གཙོ་བོ་གནས་རི་རྩ་ཆེན་དུ་ཡུལ་ལྷ་གཞི་བདག་དང་དཔའ་བོ་སོགས་ལ་བཤད་པ་དང་། གཙོ་བོ་ཚེ་འདི་ཕྱི་གཉིས་ལས་ཚེ་འདིའི་འདོད་དོན་སྒྲུབ་པར་བཤད། མཆོད་ལུགས་སུ་ལ་བཙས་གཏོད་པ། གཏེར་འབུལ་བ། དཀར་མཆོད་དམར་མཆོད། བསང་མཆོད། གསུར་མཆོད་སོགས་མང་། དེ་དག་ཚང་མ་བོན་ལུགས་ཀྱི་རྣམ་པ་ཆོས་ཕྱོགས་ཀྱིས་བརྒྱུད་ལེན་བྱས་བ་ཞིག་རེད། དེ་མིན་བན་བོན་ཐུན་མོང་དུ་སྒྲུབ་བཞིན་པའི་ཆོ་ག་སྟེ། གཡང་འབོད་དང་བླ་འགུགས་པ། འདས་མཆོད། འདུལ་རྒྱག་པ་སོགས་བོན་པོའི་ཆོ་ག་ནས་དར་ཡོང་བ་རེད།

ད་དུང་རྒྱུན་མཐོང་གི་ཡུལ་སྲོལ་སྐོར་ཞིག་དཔེར་ན། གཅིག མེ་ལ་གཙང་བྱེད་དམ་འདྲེ་འགེགས་ཕྱིར་བསྐྲོད་པའི་བྱེད་ནུས་ཡོད་པར་དམིགས་ནས་ཤ་དང་རུས་པ་མེར་བསྲེགས་ནས་ཞུ་དྲི་བཟོ་བ་དང་། མཆིལ་མ་དང་སྒོག་ཤུན། ཙོང་ཤུན་སོགས་མེར་བསྲེག་པར་འཛེམ་དགོས་ལ། མཚན་མོར་མགྲོན་པོ་སླེབས་པ།ལྷག་པར་དུ་ཁྱིམ་དུ་ནད་པའམ་སྦྲུམ་མ་ཡོད་དུས་སྒོ་ལམ་ནས་མེ་བསང་བཏང་སྟེ་ཕྱི་མི་འགོག་པའམ་མེ་ལ་བརྒལ་རྗེས་ད་གཟོད་ནང་ལ་ཡོང་ཆོག་པ།ཕྱི་ནས་སླེབས་པའི་མི་དེ་ཁྲོམ་སྲང་དང་དུར་ཁྲོད་འདས་མཆོད་སོགས་བརྒྱུད་ནས་འོང་བ་ཡིན་ན་མེ་འགོག་བཙན་པོ་བྱེད་སྲོལ་ཡོད། གཉིས། གཤིན་པོ་འདས་རྗེས་ཡོངས་ཁྱབ་ཏུ་ལོ་གཅིག་རིང་ལ་བཟའ་མིས་གྱོན་ཆས་གསར་པ་མི་གྱོན་པ། རྒྱན་མི་སྤྲོ་བ། ཁང་ཐོག་གི་དར་ལྕོག་མི་བརྗེ་བ། རྟག་པར་གསུར་དང་བསང་ཕུད་པ། གླུ་གར་དང་རྩེད་འཇོའི་རིགས་ལ་ངེས་པར་དུ་འཛེམ་དགོས་པ། གསུམ། ཡུལ་སོ་སོའི་ཡུལ་ལྷ་གཞི་བདག་གནས་ཡུལ་དང་། དགོན་པ། རི་ཁྲོད་སོགས་སུ་གནས་པར་བརྟེན་དེར་ས་ཆུ་ནགས་གསུམ་དང་གཏེར་ཁ་བཅས་སློག་གཅོད་འདོན་པར་འཛེམ་པ་དང་། ལྷག་པར་དུ་རི་དྭགས་སྣ་ཚོགས་རྔོན་མི་རུང་བ། སེམས་ཅན་གསོད་མི་ཆོག་པ། བྱ་བྱེའུ་འབའ་འབུ་རིགས་ལ་གནོད་འཚེ་བཏང་མི་ཆོག་པ་སོགས་འཛེམ་བྱ་ཡིན། བཞི། རྐུ་བྱས་པའམ་རྫུན་གཏམ་པ། མི་བསད་པ་སོགས་གྱོད་གཞིར་དཀར་ནག་གི་དབྱེ་བ་འབྱེད་ཆེད། ལྷའམ་བླ་མ། ཡུལ་ལྷ་གཞི་བདག་དཔང་དུ་བཞག་སྟེ་ཁྲིམས་ཀྱི་ཚབ་ཏུ་མནའ་བསྐྱལ་ནས་ལེགས་ཉེས་འབྱེད་པ་དང་ཆབས་ཅིག་ཉེས་ཆད་བཅད་ནས་དྲང་བདེན་ཐག་གཅོད་བྱེད་ཀྱིན་ཡོད། མནའ་ཟོས་པའི་ཉེས་རྐྱེན་ཤིན་ཏུ་ཆེ་བས་སྤྱིར་བཏང་དུ་མི་ཐ་ཤལ་ཞིག་ལས་མནའ་དང་འགལ་མི་ཕོད།

གཞན་ད་དུང་ཤ་ཆེན་ལྔ(མི། གླང་པོ་ཆེ། ཁྱི། བྱ་རྒོད། རྟ།)དང་གཅན་གཟན་འདབ་ཆགས་སྡེར་མོ་ཅན་རིགས་ཀྱི་ཤ་མི་བཟའ་བ། ཁྱིམ་དུ་ཤུ་སྒྲ་མི་སྒྲོག་པ། སླེ་བོའམ་ཟོ་སྟོང་ཁུར་ནས་ཁྱིམ་ཚང་གཞན་པའི་ནང་མི་འགྲོ་བ་སོགས་རྒྱུན་ལྡན་བོད་པའི་འཚོ་བའི་ནང་བན་བོན་གཉིས་ཐུན་མོང་གི་ལུགས་སྲོལ་ཤིན་ཏུ་མང་པོ་ཞིག་ཡིད་འཇོག་མ་བྱས་པ་ལས་བགྲང་གིས་མི་ལང་བ་ཞིག་མངོན་འདུག་གོ། །

དཔྱད་གཞིའི་ཡིག་ཆ།

①དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི《དེབ་ཐེར་དཀར་པོ》2004ལོའི་ཟླ7པ།མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས4

②ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》1988ལོའི་ཟླ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས159

③《གཟི་པའི་ཕྲེང་བ》2000ལོའི་ཟླ9པ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས21

④ལྷག་པ་ཚེ་རིང་གིས་བརྩམས་པའི《བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས་ཀྱི་ཁྱད་ཆོས་དཔྱད་བསྡུར》2003ལོའི་ཟླ7པ།མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས4

⑤སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》1991ལོའི་ཟླ12པ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་160-161

⑥ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》1985ལོའི་ཟླ་དང་པོ།མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས207

⑦ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 1985ལོའི་ཟླ་དང་པོ།མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས213

⑧ཕུན་ཚོགས་ཚེ་རིང་།དོན་གྲུབ་ལྷ་རྒྱལ།ཚེ་རིང་ཐར་གསུམ་གྱིས་ཕྱོགས་བསྒྲིགས་བྱས་པའི《བོན་པོའི་དགོན་པར་ཕྱོགས་བསྡུས་ཞིབ་འཇུག་བྱས་པ》དང་། ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི《བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ》2002ལོའི་ཟླ10པ།མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས303-318

⑨ཐུའུ་བཀྭན་བློ་བཟང་ཆོས་གྱི་ཉི་མས་བརྩམས་པའི《ཐུའུ་བཀྭན་གྲུབ་མཐའ》1984ལོའི་ཟླ4པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས380-383

⑩ཐུའུ་བཀྭན་བློ་བཟང་ཆོས་གྱི་ཉི་མས་བརྩམས་པའི《ཐུའུ་བཀྭན་གྲུབ་མཐའ》1984ལོའི་ཟླ4པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས389

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།