ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同越南总理阮春福举行会谈.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་དང་གྲོས་མོལ་མཛད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་གཉིས་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་དང་འཕེལ་རྒྱས་ཀྱི་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱིས་རྒྱལ་ཁབ་རང་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་པ་དང་། གསར་བཅོས་ལས་དོན་ཁྱོན་ཡོངས་ནས་སྤེལ་བར་རྒྱབ་སྐྱོར་བྱས་པར་མ་ཟད། ཁྱིམ་མཚེས་མཛའ་མཐུན་ཡོང་བར་བྱེད་པ་དང་། ཁྱིམ་མཚེས་གྲོགས་པོར་བརྩི་བའི་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཡོ་ནན་ཕྱོགས་ཀྱི་འཐབ་ཇུས་འབྲེལ་འདྲིས་དང་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་ཚོད་འཛིན་བྱས་ནས། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། རྒྱ་མཚོ་ལྷོ་མའི་གནད་དོན་དེ་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་འབྲེལ་བ་ཡོད་ལ། མི་རིགས་ཀྱི་བརྩེ་དུང་ལའང་འབྲེལ་བ་ཡོད་པས། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ་དང་། མཐོ་རིམ་མགོ་ཁྲིད་བར་གྱི་ཐུན་མོང་གི་ལྟ་བར་བརྩི་སྲུང་ནན་མོ་བྱས་ནས། རྒྱ་མཚོའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཧུར་ཐག་སྒོས་འགལ་བ་ཐག་གཅོད་བཟང་བོ་བྱས་ཏེ། རྒྱ་མཚོའི་སྟེང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ལྟ་བ་ཡོང་ཐུབ་པར་བྱས་ནས། རྒྱ་མཚོ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར།

རོན་ཁྲུན་ཧྥུའུ་ཡིས་བཤད་རྒྱུར། ཡོ་ནན་དང་ཀྲུང་གོ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་རེ་དྲུག་ལོན་པའི་རིང་ལ། མཛའ་མཐུན་དང་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་ཡིན། ཀྲུང་གོ་དང་ཀྲུང་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ལ་སྲུང་སྐྱོབ་བྱེད་པ་དང་། ཡོ་ནན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་བདེ་བླག རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་ནི་ཡོ་ནན་ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་རྒྱུན་འཁྱོངས་བྱེད་པའི་འདོད་བློ་ཡིན་ལ། ཡོ་ནན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་ཁ་ཕྱོགས་ཡང་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་བར་གྱི་མཉམ་ལས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་དངོས་གཉེར་མཉམ་ལ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་རོན་ཁྲུན་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེས་ཧྭ་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།  

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཐོན་ནུས། རྨང་གཞིའི་སྒྲིག་ཆས། སློབ་གསོ་བཅས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།