ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁྱབ་གདལ་དུ་གཏང་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2016-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྤྱི་སྐད་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན》ཁྱབ་བསྒྲགས་བྱས་ནས་ལོ་60འཁོར་བ་དང《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ་15འཁོར་བའི་ལོ་ཡིན། ཉིན་ཤས་གོང་། སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྐད་ཡིག་བྱ་གཞག་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད》(གཤམ་དུ་《འཆར་འགོད་》ཞེས་བསྡུ་རྒྱུ་)ཁྱབ་བསྒྲགས་བྱས་པ་རེད། 《འཆར་འགོད་》ཀྱིས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་མཛུབ་ཁྲིད་དུ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྐད་ཡིག་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་དུས་སྐབས་གསར་པའི་འོག་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁོར་ཡུག་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མཛུབ་ཁྲིད་བསམ་བློ་དང་། འཕེལ་རྒྱས་དམིགས་ཚད། ལས་འགན་གཙོ་བོ་བཅས་གསལ་བོར་བཏོན་ཡོད།

  《འཆར་འགོད་》ནང་སྐད་ཡིག་བྱ་གཞག་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་སྲོག་ཤིང་དུ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ་དང་། གྲོང་གསེབ་དང་མི་རིགས་ས་ཁུལ་དུ་འགག་སྒྲོལ་བྱེད་པ། སྤྱི་ཚོགས་ཀྱིས་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་བཅོས་སྒྲིག་ལ་ཕྱོགས་སྒྱུར་བྱེད་པ། རྒྱལ་སྤྱིའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་གཏོང་བ། རྒྱལ་དམངས་ཀྱི་སྐད་བརྡའི་ནུས་པ་ཆེ་རུ་གཏོང་བ། ཞི་མཐུན་སྐྱོན་བྲལ་གྱི་སྐད་བརྡའི་འཚོ་བ་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་དང་འཚམ་པའི་སྐད་བརྡའི་སྟོབས་ཆེན་རྒྱལ་ཁབ་སྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

  《འཆར་འགོད་》ནང་མ་འོངས་ལོ་5ཡི་འཕེལ་རྒྱས་དམིགས་ཚད་བཏོན་པ་སྟེ། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་དང་། སྐད་ཡིག་ཆ་འཕྲིན་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ། སྐད་ཡིག་བྱ་གཞག་གིས་རྒྱལ་ཁབ་ཀྱི་དགོས་མཁོར་ཞབས་འདེགས་ཞུ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་བཅས་རེད།

  《འཆར་འགོད་》ནང་སླད་ཕྱིན་ལོ་5རིང་གི་ལས་འགན་ཆེན་པོ་5དང་བྱ་ཐབས་ཁག་18གསལ་པོ་བཏོན་པ་སྟེ། གཅིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། དེའི་ནང་གྲོང་གསེབ་ས་ཁུལ་གྱི་སྤྱི་སྐད་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། མི་རིགས་ས་ཁུལ་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་མགྱོགས་པོ་གཏོང་བ། སློབ་གྲྭའི་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་པ། སྐད་ཡིག་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད། གཉིས་ནི་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྐད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐད་བརྡའི་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐད་ཡིག་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་པ་བཅས་བྱ་རྒྱུ་ཡིན་པ། གསུམ་ནི་རྒྱལ་ཁབ་ཀྱི་སྐད་ཡིག་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བདེ་འཇགས་འགན་ལེན་བྱེད་པའི་སྐད་ཡིག་གི་ཞབས་ཞུའི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་། སྐད་ཡིག་གི་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ། དམིགས་བསལ་མི་ཚོགས་ཀྱི་སྐད་ཡིག་དགོས་མཁོར་ཞབས་འདེགས་ཞུ་བ་བཅས་བྱ་རྒྱུ་ཡིན་པ། བཞི་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྐད་བརྡའི་རིག་གནས་དར་སྤེལ་དང་བརྒྱུད་སྤེལ་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཀྲུང་ཧྭའི་ཕུལ་བྱུང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོབ་བྱས་ཏེ་ནང་ས་དང་། ཤང་ཀང་། ཨའོ་མོན། སྐམ་ས་ཆེ་མོ། ཐའེ་དབན་བཅས་ས་ཁུལ་གྱི་སྐད་ཡིག་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་ཐོག་སྐད་ཡིག་སྤེལ་རེས་དང་བརྒྱུད་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། ལྔ་ནི་སྐད་ཡིག་ལས་དོན་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྐད་ཡིག་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྐད་ཡིག་གི་ཚད་ལྡན་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྐད་ཡིག་ཚོད་དཔྱད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྐད་ཡིག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་བཅས་རེད།

  ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད། 《འཆར་འགོད་》ནང་སླད་ཕྱིན་གཙོ་གནད་ཐོག་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་འགག་སྒྲོལ་ལས་གཞི་དང་། སྐད་ཡིག་ཆ་འཕྲིན་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་ལས་གཞི། “དྲ་སྦྲེལ+”སྐད་ཡིག་ཞབས་ཞུའི་ལས་གཞི། ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་ལས་གཞི། སྐད་ཡིག་གི་སྦྲེལ་ཟམ་ལས་གཞི་སོགས་གཙོ་གནད་ལས་གཞི་ཁག་5བཏོན་ཡོད།ཕྱོགས་གཞན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་8ནས་ཚེས་14ཉིན་བར་ནི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར་ཡིན་ཞིང་། སྤྱི་སྐད་ཁྱབ་གདལ་བཏང་ནས་ལོ་60སོང་རིང་། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཚོ་བར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། སྐབས་འདིའི་རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར་གྱིས་གཙོ་བོ“ཁྲིམས་ལྟར་སྤྱི་སྐད་ཁྱབ་གདལ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་ནུས་ཤུགས་འདོན་དགོས”ཞེས་པར་དམིགས་ནས་སྤེལ་རྒྱུ་རེད།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།