ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་དྲ་རྒྱའི་ཆ་འཕྲིན་ལག་རྩལ་གྱི་རང་བདག་གསར་སྐྲུན་མྱུར་དུ་སྤེལ་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་དགུ་ཉིན་གྱི་ཕྱི་དྲོར་དྲ་རྒྱའི་རྒྱལ་ཁབ་སྟོབས་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་དྲུག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། དྲ་རྒྱའི་ཆ་འཕྲིན་ལག་རྩལ་གྱི་རང་བདག་གསར་སྐྲུན་མྱུར་དུ་སྤེལ་བ་དང་། གཞི་གྲངས་དཔལ་འབྱོར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ། དྲ་རྒྱའི་དོ་དམ་ཆ་ཚད་མྱུར་དུ་ཇེ་མཐོར་གཏོང་བ། དྲ་རྒྱའི་བར་སྟོང་བདེ་འཇགས་ཀྱི་ཉེན་འགོག་ནུས་པ་མྱུར་དུ་ཇེ་དྲག་ཏུ་གཏོང་བ། དྲ་རྒྱའི་ཆ་འཕྲིན་ལག་རྩལ་བཀོལ་ནས་སྤྱི་ཚོགས་བཅོས་སྐྱོང་མྱུར་དུ་སྤེལ་བ། རང་རྒྱལ་གྱི་དྲ་རྒྱའི་བར་སྟོང་གི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་དང་སྒྲིག་སྲོལ་འཛུགས་དབང་མྱུར་དུ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཆིན་ཧྭ་སློབ་གྲྭ་ཆེན་མོའི་གློག་རྡུལ་ཆུང་བ་དང་གློག་རྡུལ་ནཱ་རིག་པའི་སྡེ་ཁག་གི་མགོ་གཙོ། གློག་རྡུལ་ཆུང་བ་རིག་པའི་ཞིབ་འཇུག་ཁང་གི་མགོ་གཙོ། དགེ་རྒན་ཆེན་མོ་ཝེ་ཧྲའོ་ཅུན་གྱིས་གནད་དོན་དེའི་ཐད་ནས་སློབ་ཁྲིད་བྱས་པ་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་སློབ་ཁྲིད་ལ་ནན་གྱིས་ཉན་པ་མ་ཟད། འབྲེལ་ཡོད་གནད་དོན་ཐད་ནས་གྲོས་སྡུར་བྱས།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དྲ་རྒྱའི་ཆ་འཕྲིན་ལག་རྩལ་ཉིན་རེ་དང་ཟླ་རེ་བཞིན་འགྱུར་ནས། སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་ཁྲོད་ཡོངས་སུ་འདྲེས་ཡོད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་ཁེ་ཕན་གནས་བབ། བདེ་འཇགས་གནས་བབ་བཅས་ལ་འགྱུར་ལྡོག་འབྱུང་དུ་བཅུག་ཡོད། འཛམ་གླིང་གི་རྒྱལ་ཁབ་གཙོ་བོས་མཉམ་འབྲེལ་དྲ་བ་དེ་དཔལ་འབྱོར་འཕེལ་རྒྱས་དང་ལག་རྩལ་གསར་སྐྲུན་གྱི་གཙོ་གནད་དུ་བཟུང་ཡོད་པ་དང་། མཉམ་འབྲེལ་དྲ་བ་དེ་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་འཚོལ་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་སུ་བརྩིས་ཡོད། རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་ལག་རྩལ་དང་དྲ་རྒྱའི་བདེ་འཇགས་འགན་སྲུང་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ན་ཡང་། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ད་དུང་བར་ཐག་ཆེན་པོ་ཡོད་པས། ང་ཚོས་བསམ་བློ་གཅིག་གྱུར་དང་གོ་རྟོགས་མཐོར་འདེགས་སྒོས་འཐབ་ཇུས་ཀྱི་འཆར་འགོད་དང་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་མྱུར་དུ་སྤེལ་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དྲ་རྒྱའི་ཆ་འཕྲིན་ལག་རྩལ་ནི་འཛམ་གླིང་ཡོངས་ཀྱིས་གསར་གཏོད་ཐད་ཤུགས་འདོན་ཚད་ཆེས་གཅིག་བསྡུས་ཡིན་པ་དང་། གསར་སྐྲུན་ཐད་ཆེས་རང་འགུལ་ཡིན་ལ། ཉེར་སྤྱོད་ཀྱི་རྒྱ་ཆེས་ཆེ་ཞིང་། སྐུལ་ཁྲིད་ཀྱི་ནུས་པ་ཆེས་ཆེ་བའི་ལག་རྩལ་གསར་སྐྲུན་ཁྱབ་ཁོངས་ཡིན་ལ། འཛམ་གླིང་ཡོངས་ཀྱི་ལག་རྩལ་གསར་སྐྲུན་འགྲན་རྩོད་ཀྱི་མཐོ་ས་ཡིན། ང་ཚོས་གནས་བབ་འདི་དང་བསྟུན་ནས། སྲོག་ཤིང་གི་ལག་རྩལ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། གནད་འགག་གི་ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ནས། དྲ་རྒྱའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། འཛམ་གླིང་གི་དཔལ་འབྱོར་དེ་དྲ་རྒྱའི་ཆ་འཕྲིན་ལག་རྩལ་ཐོན་ལས་ནང་དོན་གཙོ་བོ་ཡིན་པའི་དཔལ་འབྱོར་བྱ་འགུལ་གྱི་འཕོ་འགྱུར་ཕྱོགས་སུ་མྱུར་དུ་འཕེལ་བཞིན་པས། ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཆ་འཕྲིན་ཅན་ལ་བརྟེན་ནས་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ་དང་། སྒུལ་ནུས་གསར་བ་བཀོལ་ནས་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས། དངུལ་གཏོང་གི་ཚད་ཇེ་མཐོར་གཏོང་བ་དང་། ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཉམ་འབྲེལ་དྲ་བ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་གཞི་གྲངས་ཅན་དང་རིག་ནུས་ཅན་ལ་མྱུར་དུ་བསྒྱུར་བ། གཞི་གྲངས་དཔལ་འབྱོར་དར་རྒྱས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།