ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་སའི་ཆུ་བདེ་གཞི་རྩའི་འཛུགས་སྐྲུན་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་སའི་ཆུ་བདེ་གཞི་རྩའི་འཛུགས་སྐྲུན་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཞིང་སའི་ཆུ་བེད་འཛུགས་སྐྲུན་བྱེད་པ་ནི་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། དབུལ་ཐར་ཕྱུག་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད་ཞན་ཆ་ཁ་གསབ་དང་ནང་མཁོ་རྒྱ་བསྐྱེད་པ། བརྟན་འཇགས་སྒོས་འཕར་སྣོན་བྱེད་པའི་ནུས་ལྡན་བྱེད་ཐབས་ཤིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཁོམ་སྐབས་དམ་འཛིན་བྱེད་པ་དང་ཆུ་བེད་སྒྲིག་ཆས་ཞན་པའི་གནས་ཚུལ་ལ་དམིགས་ནས། འཆར་འགོད་མཛུབ་སྟོན་ལ་ཤུགས་སྣོན་ཞིང་ཆུ་བེད་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དངུལ་གཏོང་དང་འཛུགས་སྐྲུན། བདག་གཉེར། དོ་དམ་བཅས་ཀྱི་ཡུན་རིང་ཕན་ནུས་ལྡན་པའི་རྐྱེན་སྲོལ་གསར་སྐྲུན་བྱེད་དགོས་ལ། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་རིགས་སོ་སོའི་སྤྱི་ཚོགས་ཀྱི་མ་རྩའི་དངུལ་གཏོང་ནང་འདྲེན་བྱེད་དགོས་པར་མ་ཟད། གཞི་རིམ་སྲིད་གཞུང་དང་སྤྱི་ཚོགས། ཞིང་བ་མང་ཚོགས་སོགས་ཕྱོགས་སོ་སོ་ཞུགས་པའི་བརྩོན་སེམས་སྐུལ་བ་དང་། ཤུགས་ཆེན་པོས་ཞིང་སའི་ཆུ་བེད་དང་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་ལ་ཤུགས་སྣོན་དགོས་ལ། ཆུ་བེད་རྨང་གཞིའི་སྒྲིག་ཆས་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་ཆུ་ལོག་འགོག་པ་དང་ཆུ་འདོན་བདེ་འཇགས་འགན་སྲུང་བྱེད་པ་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།