ཀྲུང་གོ་བོད་ཀྱི་དྲ་བ།

དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

df451a3ffd094f7654756208136f5974.jpg

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

230444b3f961fa888c760d0df25c3773.jpg

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ལིས་ཁི་ཆང་གིས་རྗེས་དྲན་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་མཉམ་དུ་ཚང་མ་ཡར་བླངས་ཏེ་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་མཛད་དེ་དམར་དམག་ལ་མགོ་ཁྲིད་ནས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གསར་སྐྲུན་བྱས་པའི་མའོ་ཙེ་ཏུང་དང་ཀྲིག་ཨུན་ལེ། ཀྲུའུ་ཏི་སོགས་གསར་བརྗེ་རྒན་རབས་པ་རྣམས་དང་རྒྱང་སྐྱོད་ཁྲོད་དུ་དམར་འཛིང་འབད་འཐབ་དང་ས་གནས་སོ་སོ་རུ་གསར་བརྗེ་འཐབ་འཛིང་རྒྱུན་འཁྱོངས་བྱས་པའི་དམར་དམག་བཀོད་འཐབ་པ། སྐབས་དེར་དམར་དམག་རྒྱང་སྐྱོད་ལ་རོགས་སྐྱོར་བྱས་པའི་རིགས་སོ་སོའི་མི་དམངས་དང་ལྷག་པར་དུ་གསར་བརྗེ་གནས་གཞི་ས་ཁུལ་སོ་སོའི་མི་དམངས། ད་ལྟ་ཡོད་པའི་འཐབ་མོ་བ་རྒན་པ་བཅས་ལ་བླ་མེད་གུས་འདུད་ཞུས། ཞི་ཅིན་ཕེན་གྱིས་ཚང་མ་ཡར་བླངས་ཏེ་རྒྱང་སྐྱོད་ཁྲོད་དང་ས་གནས་སོ་སོའི་གསར་བརྗེ་འཐབ་འཛིང་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུ་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གཅིག་དགུ་སོ་བཞི་ལོའི་ཟླ་བཅུ་བ་ནས་གཅིག་དགུ་སོ་དྲུག་ལོའི་ཟླ་བཅུ་བའི་བར་དམར་དམག་དང་པོ་དང་གཉིས་པ། བཞི་བ། དམར་དམག་ཉེར་ལྔ་བ་བཅས་ཀྱིས་རླབས་ཆེན་རྒྱང་སྐྱོད་བྱས། ང་ཚོ་ཏང་གིས་དམར་དམག་ལ་མགོ་ཁྲིད་བྱས་ཏེ་སྤྱིར་བཏང་མ་ཡིན་པའི་བློ་གྲོས་དང་སྒེར་སེམས་མེད་པའི་དཔའ་བོའི་སྙིང་སྟོབས་ལ་བརྟེན་ནས་དཀའ་ཚེགས་མང་པོ་ལས་རྣམ་པར་རྒྱལ་ཞིང་རང་སྲོག་བློས་བཏང་བ་དང་། འཛམ་གླིང་ཡོངས་ངོ་མཚར་བར་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐར་དུ་འགོད་པའི་རྒྱང་སྐྱོད་ཡོངས་འགྲུབ་བྱས་ཤིང་། རྒྱལ་དམངས་ཏང་ངོ་རྒོལ་ཕྱོགས་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་མེད་པར་གཏོང་བའི་རེ་ངན་རྩ་བ་ནས་ཕམ་པ་ཁྱབ་སྒྲོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གི་ཕྲག་ཏུ་བབས་པའི་མི་རིགས་ཀྱི་རེ་བ་ཁྱབ་སྒྲོག་བྱས་པ། བྱང་ཕྱོགས་འཇར་རྒོལ་གྱི་འཐབ་ཇུས་སྤོ་སྒྱུར་རྒྱལ་ཁའི་ངང་མངོན་འགྱུར་བྱས་པ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གསར་བརྗེ་ལས་དོན་དེ་ཀྱག་ཀྱོག་གི་ལམ་བུ་ནས་རྒྱལ་ཁའི་རླབས་ཆེན་གྱི་བགྲོད་ལམ་ཞུགས་པ་མངོན་འགྱུར་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱེད་པར་འཐབ་འཛིང་བྱེད་པའི་རླབས་ཆེན་བགྲོད་ལམ་གསར་བ་གསར་གཏོད་བྱས། གནམ་ས་འགུལ་བར་བྱེད་པའི་གསར་བརྗེའི་ཟིལ་ཤུགས་ནི་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གིས་བྲིས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་གཞོམ་མེད་རྡོ་རིང་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་ངོ་བརྒྱད་བཅུའི་སྔོན་གྱི་དཀའ་ཁག་ཆེ་བ་དང་འོད་སྟོང་འབར་བར་ཕྱིར་ལྟ་ཞིག་བྱས་ཚེ། རྒྱང་སྐྱོད་དེ་ང་ཚོ་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་རླབས་ཆེན་གྱི་དོན་སྙིང་གལ་ཆེན་ལྡན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཤུགས་རྐྱེན་ཟབ་མོ་ཐེབས། རྒྱང་སྐྱོད་ནི་ཕུགས་འདུན་ཡིད་ཆེས་ཀྱི་རླབས་ཆེན་རྒྱང་སྐྱོད་ཅིག་ཡིན་པས། ཏང་དང་དམར་དམག་གིས་ཀྱག་ཀྱོག་གང་མང་བརྒྱུད་དེ་མུ་མཐུད་དུ་འབད་འཐབ་བྱས་པ་དང་། རྒྱང་རིང་གི་ཕུགས་འདུན་དང་གསར་བརྗེ་ཡིད་ཆེས་ནམ་ཡང་ཇེ་བརྟན་དུ་བཏང་། རྒྱང་སྐྱོད་ནི་བདེན་དོན་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་རླབས་ཆེན་རྒྱང་སྐྱོད་ཅིག་ཡིན་པས། བདེན་དོན་ལ་ལག་ལེན་ཁྲོད་དུ་ཞིབ་བཤེར་ཚད་ལེན་ཐོབ་པ་དང་བདེན་དོན་དེ་ལག་ལེན་ཁྲོད་དུ་གཏན་ཁེལ་བྱེད་ཐུབ་པ་ཡིན། རྒྱང་སྐྱོད་ནི་མང་ཚོགས་ལ་གསལ་འདེབས་བྱེད་པའི་རླབས་ཆེན་རྒྱང་སྐྱོད་ཅིག་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་འབེན་གྱི་སྟོབས་ཤུགས་མངོན་པར་བྱས་པ་དང་ཀྲུང་གོ་གུང་ཁྲན་ཏང་དེ་ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པ་དང་། ངེས་པར་དུ་མི་དམངས་ལ་བརྟེན་ནས་དཀའ་ཁག་ཁྱད་སེལ་དང་རྒྱལ་ཁ་ཐོབ་པ་གསལ་བོར་མཚོན་ཡོད། རྒྱང་སྐྱོད་ནི་རྣམ་པ་གསར་བ་གསར་གཏོད་བྱེད་པའི་རླབས་ཆེན་རྒྱང་སྐྱོད་ཅིག་ཡིན་པས། སྣ་མང་འགྱུར་ལྡོག་དང་བྲེལ་དངངས་འཚུབ་པའི་དུས་སྐབས་ལ་དམིགས་ཏེ། ང་ཚོ་ཏང་གིས་ཞུམ་པ་མེད་པའི་རླབས་ཆེན་ལག་ལེན་གྱི་སྙིང་སྟོབས་མངོན་པ་དང་། ཁྲག་དང་རྔུལ་ཆུའི་ཁྲོད་ནས་མ་འགྱེལ་བར་བསྐྱར་གསོན་བྱུང་བའི་སྙིང་སྟོབས་མངོན་པར་བྱས་ནས་རྒྱལ་ཁའི་གསར་བརྗེ་བགྲོད་ལམ་སྟེང་དུ་བསྐྱོད་པ་ང་ཚོས་གསལ་བོར་ཤེས་བྱུང་ཟེར། 

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱང་སྐྱོད་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་རླབས་ཆེན་འགུལ་སྐྱོད་ཅིག་ཡིན་ལ། ང་ཚོར་བསམ་པའི་རྒྱུ་ནོར་རྩ་ཆེན་བཞག ཀྲུང་གོ་གུང་ཁྲན་ཏང་མི་དང་དམར་དམག་དཔོན་དམག་གིས་ཚེ་སྲོག་ལ་མ་འཛེམ་པར་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱས། མི་ལ་སྙིང་སྟོབས་མེད་ན་ཡར་ལངས་མི་ཐུབ་པ་དང་རྒྱལ་ཁབ་ལ་སྙིང་སྟོབས་མེད་ལ་སྟོབས་ལྡན་དུ་གྱུར་མི་ཐུབ། སྙིང་སྟོབས་ནིས་མི་རིགས་ཤིག་ཡུན་རིང་ལ་འཚོ་གནས་བྱེད་པའི་བླ་སྲོག་ཡིན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་དམར་བོའི་གཞི་རྒྱུ་དང་སྙིང་སྟོབས་རུས་མཛད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྩ་དང་བླ་སྲོག་ཏུ་གྱུར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཕུན་སུམ་ཚོགས་པའི་ནང་དོན་ཞིག་ཏུ་གྱུར་བར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་དཀའ་ཁག་སྣ་ཚོགས་རྒྱུན་ཆད་མེད་པར་ཁྱད་དུ་སེལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་བའི་སྙིང་སྟོབས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། དེང་སྐབས་ཀྱི་རྒྱང་སྐྱོད་ལམ་བུར་བཟང་བོར་སྐྱོད་དགོས་ན། ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དམ་པོར་བཟུང་སྟེ། བླ་ན་མེད་པའི་ཕུགས་བསམ་དང་ཡིད་ཆེས་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རང་རྟོན་དང་། རིགས་གཞུང་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གྱི་རྒྱལ་ཁ་གསར་བ་ལེན་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་མི་དམངས་སེམས་སུ་དམ་པོར་བཟང་སྟེ། ཡོད་ཚད་མི་དམངས་ཀྱི་ཆེད་དང་། ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་བར་འབད་བརྩོན་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་ཁ་ཕྱོགས་དམ་འཛིན་དང་ཁྱོན་ཡོངས་ལ་གཅིག་གྱུར་སྒོས་བཀོད་འདོམས་དང་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ང་ཚོའི་སྤྱིའི་ལས་འགན་དང་སྤྱིའི་བཀོད་སྒྲིག སྤྱིའི་དམིགས་འབེན་བཅས་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་དང་མཐུན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་ཇེ་བརྟན་དང་སྟོབས་ལྡན་དུ་གཏོང་བའི་དམག་དཔུང་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པ། ངེས་པར་དུ་ཏང་གི་མགོ་ཁྲིད་གཙིགས་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། དེང་སྐབས་ཀྱི་རྒྱང་སྐྱོད་ལམ་བུར་བཟང་བོར་སྐྱོད་པ་ནི་དུས་རབས་གསར་བའི་འོག་ང་ཚོའི་མདུན་དུ་གནས་པའི་གནད་དོན་གལ་ཆེན་ཞིག་ཡིན། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཏང་དང་མི་དམངས་ཀྱིས་དེའི་ཐད་ལ་རིན་དོད་ཆེན་པོ་ཕུལ་བ་དང་། རླབས་ཆེན་འཐབ་རྩོད་བྱས་ནས་བླངས་པའི་བམས་པའི་རྒྱུ་ནོར་རྩ་ཆེན་ཡིན་པས། ང་ཚོས་མི་རབས་ནས་མི་རབས་བར་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་སེམས་སུ་དམ་པོར་འཛིན་པ་དང་། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་ནན་མོ་བྱེད་པ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། དེ་ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ། ང་ཚོའི་མི་དམངས། ང་ཚོའི་དམག་དཔུང་། ང་ཚོའི་མི་རིགས་བཅས་ཀྱིས་རྒྱུན་ཆད་མེད་པར་མ་འོངས་པར་སྐྱོད་པའི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་སྒྱུར་དགོས་ཟེར།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་བྱེད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་ལོ་ངོ་བརྒྱད་ཅུའི་སྔོན་གྱི་དམར་དམག་རྒྱང་སྐྱོད་གསར་བརྗེའི་འགུལ་སྐྱོད་དང་རླབས་ཆེན་ལོ་རྒྱུས་ལ་ཕྱིར་རྟོག་བྱས་པར་མ་ཟད། རྒྱང་སྐྱོད་ཀྱི་རླབས་ཆེན་དོན་སྙིང་དང་དེའི་གཏིང་ཟབ་པའི་སྙིང་སྟོབས་ལ་སྤྱི་བསྡོམས་བྱས་ནས། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། དེང་སྐབས་ཀྱི་རྒྱང་སྐྱོད་ལམ་བུར་བཟང་བོར་སྐྱོད་པའི་ཐད་ལ་རེ་བ་བཏོན་པས། དེར་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ཏེ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་བྱ་བ་སྣ་ཚོགས་སུ་སྦྲེལ་དགོས། རྒྱང་སྐྱོད་ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གཏིང་ཟབ་པའི་དོན་སྙིང་ལྡན་པས། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། དུས་སྐབས་གསར་བའི་ང་ཚོའི་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས། དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཁྱད་དུ་སེལ་བ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བཟང་བོར་བསྐྱོད་དེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། དམངས་གཙོ་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་སྐབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར། 

བརྗིད་ཉམས་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཁྲོད་ཚོགས་ཆེན་མཇུག་རྫོགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།