ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཁི་ཆང་གིས་ཁ་སང་མགོ་འཛིན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། སྔར་ལས་ལྷག་པའི་ངང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་སྤེལ་བའི་ཐད་བཀོད་སྒྲིག་གང་ལེགས་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ང་ཚོ་ཏང་གིས་ཏང་འཛུགས་གསར་བའི་རླབས་ཆེན་བཟོ་སྐྲུན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་སྤེལ་བཞིན་པའི་གོ་རིམ་ཁྲོད་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་པ་བརྒྱུད་དེ གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གཉིས་ལ་གྲོས་འཆམ་བྱུང་བ་དེས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བར་བླང་བྱ་མཐོན་པོ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡར་ལྡན་དུ་སྤེལ་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་བྱ་བར་སྙོམ་སྒྲིག་ཡར་སྐུལ་བྱས་ཏེ། ཚད་གཞི་དང་སྲོལ་ཡིག་གཉིས་ཀྱི་གཏན་འབེབས་བླང་བྱ་ལས་རིམ་སོ་སོའི་ཁྱབ་ཁོངས་ནས་དངོས་འབེབས་དོན་འཁྱོལ་ཡོང་བར་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཆོས་ཉིད་བརྩི་སྲུང་ནན་མོ་བྱས་ཏེ། ཏང་ནི་རྩ་བའི་བསྲུང་བྱ་རུ་འཛིན་པ་དང་། ཏང་གི་རྩ་འཛུགས་འཚོ་བའི་ལས་རིམ་ཁག་གི་ལམ་ལུགས་རྒྱུན་འཁྱོངས་མཐའ་འཁྱོལ་བྱས་ཏེ། ཏང་ནང་ཁུལ་གྱི་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན། ཆོས་ཉིད་ཀྱི་རང་བཞིན། འཐབ་རྩོད་ཀྱི་རང་བཞིན་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས་ཟེར།

གྲོས་ཚོགས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལྟར། ཁྱོན་ཡོངས་ནས་ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་ལག་ལེན་དུ་བསྟར་ནས། བློ་སེམས་གཅིག་སྒྲིལ་ངང་འཕེལ་རྒྱས་ཞེས་པའི་ཏང་གིས་སྲིད་འཛིན་རྒྱལ་སྐྱོང་གི་བླང་བྱ་དང་པོ་དམ་པོར་འཛིན་དགོས། དེ་མིན་ད་དུང་འཕེལ་རྒྱས་འདུ་ཤེས་གསར་བ་མཐའ་འཁྱོལ་བའི་ངང་ལག་ལེན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་བོར་བཟུང་ནས། སྒྲིག་གཞི་ལ་སྙོམ་སྒྲིག་དང་སྒྲིག་གཞི་རིམ་སྤོར་ཡོང་བར་འབད་དེ། གསར་རྙིང་གི་སྒུལ་ནུས་བརྗེ་སྤོར་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས། བློ་སེམས་རྣམ་དག་གི་སྒོ་ནས་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་དོན་བཟང་བསྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱས་ནས། བར་མ་ཆད་པའི་ངང་དམངས་ཚིས་ལེགས་བཅོས་གཏོང་དགོས་པ་ལས་གཞན། ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་ཡག་པོ་ཞིག་རྩོམ་པ་མངོན་དུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།