ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་དབྱང་གི་སྐོར་ཐེངས་བཅུ་གཅིག་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་ཚེས་གཉིས་ཉིན་ཀྲུང་དབྱང་གི་སྐོར་ཐེངས་བཅུ་གཅིག་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས། ཁོང་གིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་གནས་ཚུལ་གྱི་ལྟ་རྟོག་དང་ཞིབ་བཤེར་ལ་ཤུགས་སྣོན་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྟེང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་ཡོངས་ཀྱི་སྲོག་ཤིང་མགོ་ཁྲིད་གོ་གནས་གཏན་འཁེལ་གསལ་བོ་བྱས་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཁག་ཐེག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལས་སྐོར་ཞིབ་བྱ་བས་བཏོན་པའི་ནུས་པར་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། ཁས་ལེན་བྱས་པ་ནི་སྐུལ་མ་བཏང་བ་ཡིན་ལ། ཡིས་ཆེས་བྱས་པ་ནི་ཉམས་སད་ཐེག་པ་ཡིན། ད་ལོ་དང་སང་ལོ་གཉིས་ལ་ཀྲུང་དབྱང་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོས་སྐབས་བརྗེ་བྱ་བ་བསྒྲུབ་རྒྱུ་དང་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་མ་འོངས་པར་འབྲེལ་བ་ཡོད་པས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་མི་འདེམ་པ་དང་བཀོལ་སྤྱོད་བྱེད་པའི་ཐད་ནས་མཚོན་པར་བྱེད་པ་དང་། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམ་འཛིན་བྱེད་དགོས། སྐབས་བརྗེ་སྒྲིག་ལམ་ནི་ཆབ་སྲིད་ཀྱི་སྒྲིག་ལམ་ཡིན་པས་ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས། བཟང་བ་ལས་ཕུལ་བྱུང་འདེམ་པར་འགན་སྲུང་བྱེད་པ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།