ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧྲང་ཧེ་ནས་འཛམ་གླིང་བདེ་ཐང་ཡར་སྐུལ་ཚོགས་ཆེན་སྐབས་དགུ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཅིག་ཉིན་ཧྲང་ཧེ་ནས་འཛམ་གླིང་བདེ་ཐང་ཡར་སྐུལ་ཚོགས་ཆེན་སྐབས་དགུ་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཚོགས་ཆེན་ལ་ཞུགས་ཏེ་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་བཏོན། ང་ཚོས་ཉིས་སྟོང་སུམ་ཅུ་ལོའི་བདེ་ཐང་ཀྲུང་གོའི་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་བར་དུ་མི་ཚང་མས་ཁྱོན་ཡོངས་དང་མི་ཚེ་གང་བོར་བདེ་ཐང་ཞབས་ཕྱི་ལོངས་སུ་སྤྱོད་ཐུབ་པར་བརྩོན་ལེན་བྱེད་རྒྱུ་དང་། བདེ་ཐང་དམིགས་ཚད་གཙོ་བོ་དེ་ཡོང་སྒོ་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པར་བྱེད་རྒྱུ་ཡིན། དེ་བས་ང་ཚོས་གཤམ་གསལ་གྱི་ཕྱོགས་ལྔ་ལ་འབད་བརྩོན་ལྷོད་མེད་བྱེད་དགོས། གཅིག འཕྲོད་བསྟེན་དང་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ་མི་དམངས་ཀྱི་བདེ་ཐང་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས། གོ་རིམ་ཡོངས་ཀྱི་བདེ་ཐང་ཡར་སྐུལ་མ་ལག་གསར་སྐྲུན་བྱས་ནས་མི་ཚེ་གང་བོར་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་དགོས། གསུམ། གཞི་རིམ་སྟོབས་ལྡན་དུ་གཏོང་བ་དང་ཞན་ས་ཁ་གསབ་བྱས་ནས་བདེ་ཐང་དང་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། བཞི། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ནས་གྲོང་གསེབ་ཡོངས་ལ་ཁེབས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལྔ། ཤུགས་ཆེན་པོས་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་བདེ་ཐང་དང་རྒན་གསོ། གནས་སྐོར། མཉམ་འབྲེལ་དྲ་རྒྱ། ཟས་རིགས་སོགས་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཧུར་ཐག་སྒོས་འཛམ་གླིང་འཕྲོད་བསྟེན་མཉམ་ལས་ལ་སྐུལ་འདེད་གཏོང་བར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྲིད་ཇུས་གྲོས་མོལ་ལ་ཤུགས་སྣོན་ཞིང་བཟོད་སྒོམ་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྔར་ལས་མཛེས་སྡུག་ལྡན་པའི་བདེ་ཐང་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།