ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལས་རིགས་སློབ་གསོ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལས་རིགས་སློབ་གསོ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཛུབ་སྟོན་ལས་བཀོད་དོན། དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དེ་རང་རྒྱལ་གྱི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ཧ་ཅང་ཆེན་པོ་འདོན་སྤེལ་བྱེད་པ་དང་། དངོས་ཤུགས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག ཉེ་བའི་ལོ་འགའི་རིང་ལ་ལས་རིགས་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པས། དེར་ཁས་ལེན་གང་ལེགས་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ལས་རིགས་སློབ་གསོ་དེ་གོ་གནས་སྔར་ལས་གལ་ཆེན་ཞིག་ཏུ་བཞག་སྟེ་དེང་རབས་ལས་རིགས་སློབ་གསོ་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ཚོང་རར་ཁ་ཕྱོགས་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་གསར་གཏོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་སྐྱེད་དང་སློབ་ཁྲིད་མཉམ་བསྲེས་བྱེད་པར་ཤུགས་སྣོན་པ། སློབ་གྲྭ་དང་ཁེ་ལས་བར་མཉམ་ལས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ལས་རིགས་སློབ་གྲྭ་དང་ཆེད་ལས་གཙོ་བོ་སྐོར་ཞིག་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པ་དང་། ཆེད་ལས་ལག་རྩལ་ལྡན་ཞིང་སྤུས་ཚད་བཟང་བའི་ངལ་རྩོལ་པ་དང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་མྱུར་དུ་སྐྱེད་སྲིང་བྱེད་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།