ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同加蓬总统邦戈举行会谈.jpg

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཀ་ཕིན་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་ལ་ཁྱོན་ཡོངས་ནས་འཆར་འགོད་བཟང་བོ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་ཐག་བཅད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་གཉིས་ཀྱི་རིང་ལ། ཀྲུང་གོ་དང་ཀ་ཕིན་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་། ཕྱོགས་གཉིས་ཀྱིས་ལྷག་བསམ་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་འཛིན་བཟུང་བ་དང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས་ཤིང་། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཀ་ཕིན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་རྒྱ་བསྐྱེད་ཅིང་། སྲིད་གཞུང་སྡེ་ཁག་དང་སྲིད་འཛིན་ཏང་། གྲོས་ཁང་། ས་གནས་སྲིད་གཞུང་སོགས་རིམ་པ་སོ་སོའི་བརྗེ་རེས་སྔར་ལས་ཇེ་མང་དུ་བཏང་ནས། ཆབ་སྲིད་ཡིད་ཆེས་དེ་མཉམ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་འདོད་ཡོད་ཟེར།

པང་ཀི་ཡིས་བཤད་རྒྱུར། ཀ་ཕིན་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཀ་ཕིན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་དང་ཞིང་ལས། གཏེར་ཐོན། ཚན་རྩལ། གནས་སྐོར། དངུལ་ལོར། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་སློབ་གསོ་དང་འཕྲོད་བསྟེན་སོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཀ་ཕིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པང་ཀི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།