ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ལྷའི་ཕོ་བྲང་གཉིས་པ་དང་མི་སྡོད་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་སྐྱོད་ལས་འགན་ལག་བསྟར་བྱས་པའི་མཁའ་སྐྱོད་པ་དང་དེའི་ཞིབ་འཇུག་ཚོད་བཟོ་བྱ་བར་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

习近平.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལྷའི་ཕོ་བྲང་གཉིས་པ་དང་མི་སྡོད་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་སྐྱོད་ལས་འགན་ལག་བསྟར་བྱས་པའི་མཁའ་སྐྱོད་པ་དང་དེའི་ཞིབ་འཇུག་ཚོད་བཟོ་བྱ་བར་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལྷའི་ཕོ་བྲང་གཉིས་པ་དང་མི་སྡོད་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་སྐྱོད་ལས་འགན་ལག་བསྟར་བྱས་པའི་མཁའ་སྐྱོད་པ་དང་དེའི་ཞིབ་འཇུག་ཚོད་བཟོ་བྱ་བར་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ང་ཚོས་ལག་བསྟར་བྱེད་བཞིན་པའི་གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་དེ་ནི་རང་རྒྱལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་རག་ལས་ཡོད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། མཁའ་སྐྱོད་ཚན་རྩལ་ནི་ཚན་རྩལ་ཡར་ཐོན་དང་གསར་གཏོད་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཡིན་ལ། མཁའ་སྐྱོད་ཚན་རྩལ་གྱི་གྲུབ་འབྲས་ནི་རྒྱལ་ཁབ་ཀྱི་ཚན་རྩལ་ཆུ་ཚད་དང་ཚན་རྩལ་ནུས་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། མཁའ་སྐྱོད་ཚན་རྩལ་ཐད་ནས་བླངས་པའི་གསར་གཏོད་གྲུབ་འབྲས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་འདུ་ཤེས་དང་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་པར་མ་ཟད། སྤྱི་ཚོགས་གསར་གཏོད་དང་གསར་སྐྲུན་ལ་སྐུལ་མ་ཆེན་པོ་བཏང་བ་ཡིན་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་མཇལ་འཕྲད་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་སྤྲོ་སེམས་འཁོལ་བའི་སྣང་ཚུལ་གྱིས་ཁེངས། སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་མཁའ་སྐྱོད་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་ཞིབ་འཇུག་དང་ཚོད་བཟོ་བྱ་བར་ཞུགས་པའི་མི་སྣའི་འཐུས་མིའི་ཁྲོད་ཕེབས་ཏེ། ཚོགས་ར་ཡོངས་སུ་ཡུན་རིང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕེན་གྱིས་ཚང་མ་དང་བརྩེ་བའི་ཕྱག་འཇུ་གནང་བ་དང་བརྗེ་རེས་མཛད་པར་མ་ཟད། བློ་མཐུན་ཅིན་ཧེ་ཕུན་དང་ཁྲིན་ཏུང་གཉིས་དང་བརྩེ་བའི་ཁ་བརྡ་གནང་བ་དང་། ཁོ་ཚོའི་བྱ་བ་དང་ལུས་ཁམས་ཀྱི་གནས་ཚུལ་ལ་ཞིབ་མོར་དྲིས་ཏེ། ཁོ་ཚོའི་བྱ་བའི་བྱས་རྗེས་ལ་ཁས་ལེན་མཛད་པ་དང་། ཁོ་ཚོས་མུ་མཐུད་དུ་བྱ་བར་འབད་བརྩོན་བྱས་ནས་བྱས་རྗེས་གསར་བ་འཇོག་པར་རེ་བ་བཏོན།

ཞི་ཅིན་ཕེན་གྱིས་ཚང་མ་དང་མཉམ་དུ་པར་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ལྷའི་ཕོ་བྲང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཐེངས་འདིའི་ལས་འགན་ལག་བསྟར་བྱེད་པའི་ཁྲོད་ཞུགས་པའི་མཁའ་སྐྱོད་པ་དང་རྒྱ་ཆེའི་ཞིབ་འཇུག་ཚོད་བཟོ་མི་སྣ། མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ད་ལོ་ནི་རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་གསར་གཏོད་བྱས་ནས་ལོ་འཁོར་དྲུག་ཅུ་འགོར་བ་རེད། ལོ་ངོ་དྲུག་བཅུའི་རིང་ལ། ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་དང་། རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག མི་རབས་ནས་མི་རབས་བར་གྱི་མཁའ་སྐྱོད་པས་ཐོག་མའི་བསམ་འདུན་མི་བརྗེད་པར། མུ་མཐུད་འབད་བརྩོན་བྱས་ནས། རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་སུ་གཏོང་བར་རླབས་ཆེན་ལོ་རྒྱུས་སྐྲུན་པ་དང་། ང་ཚོའི་སྔོན་བྱོན་པའི་མཁའ་སྐྱོད་ཕུགས་འདུན་མངོན་འགྱུར་བྱས། ཐེངས་འདིའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པ་ལས་བར་སྣང་ཚོད་ལྟ་ཁང་གི་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པའི་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་བླངས་པ་མཚོན་ཡོད། དེ་ནི་ང་ཚོས་མཁའ་སྐྱོད་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་གི་ལམ་ཚད་རྡོ་རིང་གསར་བ་ཞིག་ཡིན་ལ། ཀྲུང་ཧྭའི་བུ་བུ་མོས་དེ་ནི་རང་གི་ང་རྒྱལ་དུ་བརྩིས་པ་ཡིན། རྒྱ་ཆེའི་མཁའ་སྐྱོད་པས་སྐྲུན་པའི་ཁྱད་འཕགས་བྱས་རྗེས་དེ་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་རུང་ཟེར།

མཱ་ཁེ་དང་ལིག་ཡན་ཏུང་། ཞུའུ་ཆི་ལིང་། ཧྥན་ཁྲང་ལུང་། ཀྲའོ་ལི་ཅི། ལིས་ཀྲན་ཧྲུའུ། དབྱང་ཅིན། ཁྲང་བན་ཆོན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཧྥང་ཧྥུན་ཧོས། ཀྲང་ཡང་། ཀྲང་ཁི་ཧྲི། ཀྲང་དབྱི་ཞ་བཅས་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།