ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལས་གཏན་འཁེལ་བྱས་པའི་བཟོ་སྐྲུན་ལས་གཞི་ཆེན་པོ་བརྒྱ་དང་རེ་ལྔ་དང་མི་དམངས་མང་ཚོགས་ཀྱིས་མཐའ་གཅིག་ཏུ་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ནང་དོན་གསལ་བོར་ཤེས་པར་བྱེད་པ་དེ་ལོ་བརྒྱ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབྲེལ་བ་ཆེན་པོ་ཡོད་ཅེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལས་གཏན་འཁེལ་བྱས་པའི་བཟོ་སྐྲུན་ལས་གཞི་ཆེན་པོ་བརྒྱ་དང་རེ་ལྔའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན་པ་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིས་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། དཔལ་འབྱོར་འཕར་སྣོན་མགྱོགས་ཚད་སྲུང་འཛིན་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩ་ནི་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱིས་མཐའ་གཅིག་ཏུག་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་དེ་ཡིན། མི་དམངས་མང་ཚོགས་ཀྱིས་མཐའ་གཅིག་ཏུ་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་གཞིར་བཟུང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་པའི་རེ་བ་དང་མཐུན་པ་དང་། འཕར་སྣོན་གསར་བ་གསར་སྐྲུན་དང་ཡུན་རིང་འཕར་སྣོན་གྱི་སྦས་ཤུགས་ཇེ་ཆེར་གཏོང་བར་ཕན་པ་ཡོད་ལ། འཕར་སྣོན་གསར་བ་དེ་མི་དམངས་མང་ཚོགས་ཀྱིས་མཐའ་གཅིག་ཏུ་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་པའི་ཁྲོད་དུ་འདུས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལས་བཏོན་པའི་བཟོ་སྐྲུན་ལས་གཞི་གལ་ཆེན་དངོས་འབེབས་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་བྱེད་པ་དེ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཞན་ཆ་ཁ་གསབ་བྱེད་པ་ནི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་ཙམ་མ་ཡིན་པར་དགོས་མཁོ་སྐོང་བ་གཞིར་བཟུང་སྟེ་ཕན་འབྲས་ལྡན་པའི་འདོན་སྤྲོད་ཇེ་མང་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་སྤྱི་ཐུན་ཞབས་ཕྱིའི་ཆུ་ཚད་དང་སྤུས་ཚད་ཇེ་ཆེར་གཏོང་བ་དང་། གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་དགོས་ལ། མི་ཤུགས་མ་རྩའི་ཤུགས་འདོན་ཚད་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ལ། ཐོན་ལས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་སར་ཤུགས་སྣོན་དགོས། སྲིད་གཞུང་གི་འགན་འཁྲི་དང་ཚོང་རའི་ནུས་པ་གསལ་བོར་བགར་ཏེ། ཚོང་རས་སྒྲུབ་ཐུབ་པ་ཞིག་ཡིན་ན་སྲིད་གཞུང་གིས་ཆ་རྐྱེན་བཟང་བོ་སྐྲུན་ནས་དམངས་ཁྲོད་ཀྱིས་མ་རྩ་འཇོག་པར་སྣེ་ཁྲིད་བྱེད་པ་དང་། རིགས་སོ་སོའི་ཚོང་རའི་གཙོ་གཞི་རྣམ་པ་སྣ་ཚོགས་ཀྱི་ལས་གཞི་ལག་བསྟར་ཁྲོད་དུ་ཞུགས་ནས་ཁེ་ཕན་ཐོབ་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཚང་མ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་དང་དེ་མིན་འབྲེལ་ཡོད་ས་གནས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།