ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥ་རན་སིའི་ཙུང་ལི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྥ་རན་སིའི་ཙུང་ལི་ཁ་ཙིག་ན་ཧྥི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་ པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ནམ་ཡང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲས་སུ་བསྐྱོད་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་ནམ་ཡང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་ལས། གཉིས་ཕན་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ། མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག མཉམ་དུ་འཛམ་གླིང་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བཏོན་སྟེ། གཏན་འཇགས་རང་བཞིན་གྱིས་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས་ཟེར།

ལིས་ཁི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་བར་གྱི་ཉིང་རྡུལ་ནུས་པའི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཧྥ་རན་སི། དབྱིན་ཇིའི་རྒྱལ་ཁབ་གསུམ་བར་གྱི་ཞིན་ཁི་ལིས་ཅོ་ཉིང་རྡུལ་གློག་གི་ལས་གཞི་བརྟན་བརླིང་ངང་ལག་བསྟར་བྱེད་པ། མཉམ་དུ་ཕྱོགས་གསུམ་པའི་ཉིང་རྡུལ་གློག་གི་ཚོང་ར་གསར་སྤེལ་བྱེད་པའི་ཐད་ནས་འཚོལ་ཞིབ་དང་བགྲོ་གླེང་བྱེད་པ། མཁའ་འགྲུལ་དང་འཇིག་རྟེན་འཕུར་བསྐྱོད་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མཁའ་དབུགས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཝུའུ་ཧན་སྐྱེ་ཁམས་མཁར་གྲོང་ལས་གཞི་མྱུར་དུ་ལག་བསྟར་བྱེད་པ། ཞིང་ལས་ཐོན་ལས་སྦྲེལ་ཐག་ཡོངས་དང་སྨན་བཅོས་འཕྲོད་བསྟེན། ལོ་ན་རྒས་པའི་མི་ཇེ་མང་དུ་འགྲོ་བར་ཁ་གཏད་འཇལ་བའི་ཐད་ཀྱི་མཉམ་ལས་སྤེལ་བར་བགྲོ་གླེང་གྲོས་ཞིབ་བྱེད་པ། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན། ལུས་རྩལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། དངོས་སྦྱོང་སློབ་མ་སྟོང་གི་འཆར་གཞི་དང་ཐེངས་འདིའི་འཚམས་འདྲི་སྐབས་སུ་འགོད་རྒྱུ་ཡིན་པའི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་བྱེད་པའི་གྲོས་མཐུན་སོགས་ལག་བསྟར་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མིའི་འགྲོ་འོང་ཐད་སྔར་ལས་སྟབས་བདེ་བསྐྲུན་འདོད་ཡོད་པ་དང་། ཧྥ་རན་སིའི་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་གནས་སྐོར་བར་བདེ་འཇགས་འགན་སྲུང་དང་སྟབས་བདེ་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཡོ་རོབ་གླིང་གཞི་གཅིག་ཅན་དུ་བསྒྱུར་བར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་པ་དང་། མཐུན་སྒྲིལ་དང་དར་རྒྱས། གཏན་འཇགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཞིག་མཐོང་འདོད་ཡོད་ལ། དེ་ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་ཇེ་བཟང་དུ་གཏོང་བར་ཕན་པ་ཡོད་པ་མ་ཟད། ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཅན་འཕེལ་རྒྱས་སུ་གཏོང་བར་ཡང་ཕན་པ་ཡོད་པས། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཞུགས་པའི་ཆོད་ཡིག་གི་འོས་འགན་བཅོ་ལྔ་བ་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངོས་གཉེར་མཉམ་ལས་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཆ་རྐྱེན་བསྐྲུན་དགོས་ཟེར།

ཁ་ཙིག་ན་ཧྥི་ཡིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོ་བར་གྱི་འབྲེལ་བ་ཧ་ཅང་བཟང་ལ། དམངས་བཀོལ་ཉིང་རྡུལ་ནུས་པའི་ཐད་ཀྱི་མཉམ་ལས་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ཞིང་ལས་མཉམ་ལས་ཀྱི་གོ་སྐབས་མང་ལ། ཁོར་ཡུག་སྲུང་སྐྱོབ་སོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་བཏང་ཆོག་པའི་ཐོན་ལས་མཉམ་ལས་ཐད་ནས་དཔེ་སྟོན་གྱི་དོན་སྙིང་ལྡན། མིག་སྔའི་གནས་བབ་འོག ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱིས་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་ཉོ་ཚོང་རང་དབང་ཅན་ལ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་རང་བཞིན་ཐག་གཅོད་དགོས་ཟེར།

གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཉིང་རྡུལ་ནུས་པ། ཚན་རྩལ། མི་སྣའི་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་ཐད་བདེན་དཔང་བྱས།

གྲོས་མོལ་མ་མཛད་པའི་སྔོན་དུ། ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཛད་སྒོ་བསྡུས་ཏེ། ཧྥ་རན་སིའི་ཙུང་ལི་ཁ་ཙིག་ན་ཧྥི་རང་རྒྱལ་དུ་དངོས་གཞི་འཚམས་འདྲི་བྱེད་དུ་ཡོང་བར་དགའ་བསུ་ཞུས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅཱ་རོས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།