ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

985b4d002fe1885c9a97a530c68beb2c.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། དབྱི་ཐ་ལི་ནི་ཀྲུང་གོའི་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕེན་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་མཛད་སོང་། ཀྲུང་གོས་དབྱི་ཐ་ལིའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་སྤེལ་བ། མི་ཚུལ་བརྗེ་རེས་རྒྱ་བསྐྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གོང་འཕེལ་གསར་བ་འབྱུང་བར་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་དབྱི་ཐ་ལིའི་ཕྱོགས་ལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཐད་ནས་འབྲེལ་འདྲིས་བྱས་ཏེ། དུས་ཡུན་རིང་འབྲིང་གི་མཉམ་ལས་འཕེལ་རྒྱས་ལ་འཆར་འགོད་བཟང་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་དོ་མཉམ་སྒོས་འཕེལ་བར་ཡར་སྐུལ་བྱེད་པ། སྲིད་ཇུས་ཀྱི་བརྗེ་རེས་དང་ཐོན་སློབ་ཞིབ་གསུམ་གསུམ་གྱི་མཉམ་ལས་ཀྱི་གསར་སྐྲུན་ལ་ཤུགས་སྣོན་པ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་བསྐྱེད་པ། ཕྱི་འགྲིམས་སློབ་མ་དང་དངོས་སྦྱོང་སློབ་མའི་བརྗེ་རེས་གཞི་ཁྱོན་རྒྱ་བསྐྱེད་པ་བཅས་བྱེད་འདོད་ཡོད་ཟེར།

མཱ་ཐ་ལེ་ལཱ་ཡིས་བསྟན་དོན། དབྱི་ཐ་ལི་དང་ཀྲུང་གོའི་བར་དུ་ཐུན་མོང་ལྟ་ཚུལ་རྒྱ་ཆེན་པོ་ཡོད་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ལ། མདུན་ལྗོངས་ཡངས་ཤིང་ཆེ། དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ནུས་པ་བཟང་པོ་འདོན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།