ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་ནས། དཔལ་འབྱོར་བྱ་བ་བཟང་པོར་སྒྲུབ་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་འགན་གལ་ཆེན་ཡིན་པས། སྤྱི་དང་བྱེ་བྲག རྒྱལ་ནང་དང་རྒྱལ་ཕྱི། འཐབ་ཇུས་དང་འཐབ་རྩལ་བཅས་ཟུང་སྦྲེལ་དམ་པོ་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་བྱེད་པ། ཁྱོན་ཡོངས་དང་ཡུན་རིང་ལ་འབྲེལ་བའི་གནད་དོན་ལ་སྔ་མོ་ནས་བཀོད་སྒྲིག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ། དོན་ཆེན་ལ་ཇུས་འགོད་བྱེད་པ་དང་བྱེ་བྲག་གི་སྲིད་ཇུས་གཏན་འབེབས་བྱེད་པ་གཉིས་ཟུང་སྦྲེལ་དམ་པོ་བྱེད་པ། ལས་འགན་བགོ་བར་ཤུགས་སྣོན་པ། གོ་རིམ་རེ་རེ་བཞིན་དུ་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་བྱ་བ་དང་ཉིས་སྟོང་བཅོ་བདུན་ལོའི་བྱ་བ་གཙོ་བོའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས། གྲོས་ཚོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་ཤེས་པར་བྱས་པ་དང་། ཏང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཚོགས་འདུ་ཐེངས་བཅུ་བཞི་ལ་བསྡུས་པ་དང་། གྲོས་གཞི་གལ་ཆེན་ཉེར་གཉིས་ལ་ཞིབ་འཇུག་བྱས་ཤིང་། ལས་འགན་དང་བྱེད་ཐབས་བཞི་བརྒྱ་ལྷག་བཏོན་ལ། དེང་སྐབས་དང་ཡུན་རིང་ལ་འབྲེལ་བའི་ཇུས་ཆོད་གལ་ཆེན་རབ་དང་རིམ་པ་གཏན་ལ་ཕབ་ནས། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལདྣ་པའི་དོན་ཆེན་སྐོར་ཞིག་ལེགས་འགྲུབ་བྱེད་པར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཡོད་པའི་སྒོ་ནས་ཁྲིད་སྟོན་བྱས་པར་འདོད།

གྲོས་ཚོགས་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མི་དམངས་དངུལ་ཁང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་ཐོན་ནུས་ལྷག་མ་མེད་པར་གཏོང་བ་དང་། དངུལ་རྩའི་ཉེན་ཁ་འགོག་སྡོམ་བྱེད་པ། ཁང་སའི་ཐོན་ལས་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། གསར་བཟོ་ལས་རིགས་དར་རྒྱས་སུ་གཏོང་བ་སོགས་ཀྱི་བྱ་བའི་བསམ་ཕྱོགས་སྐོར་གྱི་ཡར་ཞུ་ལ་ཉན།

ཞི་ཅིན་ཕེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་དཔལ་འབྱོར་བྱ་བ་བཟང་པོར་སྒྲུབ་དགོས་ན། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་སྙིང་པོ་གསལ་བོར་ཤེས་པར་བྱེད་པ་དང་། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ཧུར་ཐག་གིས་མཐོར་འདེགས་བྱེད་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཁག་ཐེག་བྱས་ཏེ། དཔལ་འབྱོར་གྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པར་གྲུབ་འབྲས་ལེན་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་ཐོན་ནུས་ལྷག་མ་མེད་པར་གཏོང་ན། འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་། རྒྱལ་དབང་ཁེ་ལས་དང་དངུལ་རྩའི་ལས་ཁུངས་བཅས་ཀྱིས་བསམ་བློ་དང་གོ་རྟོགས་ཏང་ཀྲུང་དབྱང་གི་བླང་བྱ་སྟེང་གཅིག་གྱུར་བྱས་ཏེ། ལས་སྒྱུར་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ཀྱི་གསོ་སྦྱོང་སོགས་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པ་དང་། སྤྱི་ཚོགས་འགན་སྲུང་དང་འཚོ་བའི་རོགས་སྐྱོར་གྱི་ནུས་པ་བཟང་པོར་བཏོན་ནས། ཡང་བསྐྱར་ལས་ཞུགས་བྱེད་པའི་ནུས་པ་མེད་པའི་མི་སྣའི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་དངུལ་རྩའི་ཉེན་ཁར་འགོག་སྡོམ་བྱེད་ན། ལྟ་སྐུལ་དོ་དམ་མཐུན་སྦྱོར་རྐྱེན་སྲོལ་མྱུར་དུ་བཙུགས་ནས། ཆེ་ཕྱོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། གཅིག་གྱུར་མཐུན་སྦྱོར་ནུས་པ་ཇེ་ཆེར་བཏང་སྟེ། མ་ལག་རང་བཞིན་གྱི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་ཞན་ཆ་དུས་ལྟར་གསབ་པ་དང་། ལམ་ལུགས་ཀྱི་ལྟ་རྟོག་དོ་དམ་ཐད་ཀྱི་མི་འདང་སར་ཞིབ་བཤེར་བྱེད་པའི་བྱ་བ་བཟང་པོར་སྒྲུབ་ནས། རྒྱལ་སྤྱིའི་ཚད་གཞི་ལྟར་དུ་རེ་བ་གསལ་པོ་འདོན་དགོས། ཁྲོམ་རའི་རྙོག་འཛིང་གི་སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ཏེ་ཁྲིམས་འགལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆད་པ་གཅོད་དགོས། སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་དང་གསར་སྐྲུན་བྱས་ཏེ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་ཁང་སའི་ཐོན་ལས་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས་ན། ཁང་སའི་ཐོན་ལས་ཁྲོམ་རའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། ཁང་པ་ནི་སྡོད་ཁང་ཡིན་པ་ལས་ཁེ་སྤོགས་ལེན་སྤྱད་མིན་པའི་གནས་ལུགས་གསལ་བོར་རྟོགས་པར་བྱས་ཏེ། ཡུན་ཐུང་དང་ཡུན་རིང་ཟུང་དུ་སྦྲེལ་བའི་ཡུན་ཕན་རྐྱེན་སྲོལ་དང་རྨང་གཞི་རང་བཞིན་གྱི་ལམ་ལུགས་ལ་ཞིབ་འཇུག་ཟབ་མོ་བྱེད་དགོས། ཆ་སྡེབས་སྲིད་ཇུས་འཐུང་ཚང་དུ་གཏོང་བ་དང་། དངུལ་གཏོང་བྱ་སྤྱོད་ལ་ཁྲིད་སྟོན་བྱས་ཏེ་ཁང་སའི་ཐོན་ལས་ཁྲོམ་ར་བརྟན་འཇགས་སུ་གཏོང་དགོས། དུས་ཡུན་འབྲིང་རིང་གི་མཁོ་འདོན་མ་ལག་ལེགས་སྒྲིག་བྱས་ཏེ། ཁང་སའི་ཐོན་ལས་ཁྲོམ་རའི་འགུལ་རྣམ་དོ་མཉམ་མངོན་འགྱུར་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་གསར་བཟོ་ལས་རིགས་དར་རྒྱས་སུ་གཏོང་ན། གསར་བཟོ་ལས་རིགས་ཀྱི་གྲངས་ཀ་ཇེ་མང་དུ་གཏོང་བ་དེ་སྤུས་ཚད་མཐོར་འདེགས་སུ་གཏོང་བར་བསྒྱུར་བའི་འཐབ་ཇུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་བྱས་ཏེ། འདོན་སྤྲོད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པའི་འདུ་ཤེས་དེ་ལས་རིགས་སོ་སོ་དང་ཁེ་ལས་སོ་སོར་ཤེས་པར་བྱེད་པ་དང་། སྤུས་ཚད་ལ་མཐོང་ཆེན་དང་སྤུས་ཚད་མཐོར་འདེགས་བྱེད་པ་དེ་སྤྱི་ཚོགས་ཀྱི་གོམས་སྲོལ་དུ་འགྱུར་བར་བྱེད་དགོས། སྒེར་སྡོམ་རང་བཞིན་གྱི་ལས་རིགས་ཀྱི་རིན་གོང་ཇེ་དམའ་རུ་གཏོང་བར་འབད་བརྩོན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ནས་ཐག་བཅད་པའི་དོན་དག་རྣམས་ལག་བསྟར་བྱེད་པར་དམ་འཛིན་བཟང་པོ་བྱས་ཏེ། ལས་འགན་གསལ་པོར་བགོ་བ་དང་ཕན་ནུས་ལྡན་པར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཚན་ཆུང་གི་གྲོས་ཚོགས་རེ་རེའི་སྟེང་གཏན་འབེབས་བྱས་པའི་དོན་དག་ཚང་མ་ལག་བསྟར་བྱེད་དགོས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་གི་འགན་ཁུར་ཕྲག་ཏུ་བླངས་ནས་རང་འགུལ་གྱི་བྱ་བ་བསྒྲུབ་དགོས། ལམ་ལུགས་ཀྱི་ཐད་ནས་འགན་ཁུར་གཏན་ཁེལ་གསལ་པོ་བྱེད་པ་དང་། ལྟ་སྐུལ་འགན་འདྲི་ཇེ་དྲག་ཏུ་བཏང་ནས། ཐག་བཅད་པའི་དོན་དག་ལག་བསྟར་བྱེད་དགོས། དཔྱད་ཞིབ་བྱེད་པ་དང་བསམ་འཆར་འདོན་པར་དོ་སྣང་བྱས་ཏེ། ཕན་ནུས་ལྡན་པའི་རྐྱེན་སྲོལ་འཛུགས་པ་དང་། སྲིད་ཇུས་ལག་བསྟར་ཐད་གནས་པའི་གནད་དོན་ལ་དུས་ལྟར་རྒྱུས་ལོན་བྱས་ཏེ། ལེགས་བཅོས་ཀྱི་བསམ་འཆར་འདོན་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།