ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་ལ་འཚམས་འདྲི་བྱས་པ་མ་ཟད་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་ནས། ཚང་མ་དང་མཉམ་དུ་གྲོས་མོལ་མཛད།

གྲོས་ཚོགས་སྟེང་། ཨུ་ཡོན་ཚོས་ལང་ལོས་གིས་གཏམ་བཤད་པ་དང་། ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གཏན་འཇགས་ཁྲོད་གོང་འཕེལ་དུ་སོང་བ་དང་། ལས་ཀར་ཞུགས་ཚད་སྔོན་དཔག་ལས་བརྒལ་ལ། གྲུབ་ཚུལ་ལེགས་སྒྲིག་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་བཟང་བོ་ཞིག་བརྩམས། དེ་ནི་སྲིད་གྲོས་ཨུ་ཡོན་ནང་དུ་འདུ་བའི་རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན། ད་ལོ་ནས་བཟུང་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ན་ཡང་། ཉེན་ཁ་དང་འགྲན་རྩོད་ཀྱང་མང་པོར་ཐུག་ངེས་པས། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་སྲུང་འཛིན་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། སྲིད་བསྡུ་དབང་གཏོང་དང་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ། ཚོང་རའི་གསོན་ཤུགས་ཆེར་བསྐྱེད་པ། ཐོན་ལས་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ནང་མཁོ་སྦས་ཤུགས་ཕྱིར་གཏོང་བ། ཉེན་ཁ་ཐག་གཅོད་པ་བཅས་བྱས་ཏེ། དཔལ་འབྱོར་བཟང་བོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་གནས་བབ་ཇེ་བརྟན་དུ་གཏོང་དགོས། གསར་གཏོད་སྣེ་ཁྲིད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ། སྒུལ་ནུས་གསར་བའི་བརྗེ་སྤོར་ཇེ་མགྱོགས་སུ་གཏོང་བ། ཁྲིམས་ལྟར་རིགས་མི་འདྲ་བའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ། འདྲ་མཉམ་གྱི་ཁོར་ཡུག་གསར་སྐྲུན་བྱས་ནས། ཁེ་ལས་པས་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་དེ་ཁེ་ལས་ཀྱི་འཚོལ་སྙེག་ཏུ་འགྱུར་བར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ་དང་། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ། རྣམ་པ་མང་བའི་གཞི་ཁྱོན་འོས་འཚམ་གྱི་ཚོང་གཉེར་འཕེལ་རྒྱས་སུ་གཏོང་བ། དེང་རབས་ཞིང་ལས་འཛུགས་སྐྲུན་བྱས་ཏེ། ཞིང་བའི་ཡོང་སྒོ་རྒྱུན་མཐུད་ངང་ཁ་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།