ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b91d289a4e0ce621af71cdd5e82285e5.jpg

ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཚོགས་འདུ་གྲོལ་སྐབས་ཞི་ཅིན་ཕེན་གྱིས་གཞི་རིམ་གྱི་དམག་དཔུང་ནས་ཡོང་བའི་དམག་དཔུང་གི་དམངས་ཆེན་འཐུས་མི་ཁ་ཤས་ལ་བརྩེ་བའི་མཇལ་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རྩལ་གོང་འཕེལ་ལ་རྐང་བཙུགས་ནས། བབ་བསྟུན་འབད་བརྩོན་དང་བབ་བསྟུན་མདུན་སྐྱོད་ཀྱིས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། དམག་དམངས་མཐུན་སྦྱོར་གསར་སྐྲུན་སྤེལ་བ། དམག་དམངས་ཚན་རྩལ་རྨང་གཞིའི་རྒྱུ་རྐྱེན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། དམག་དམངས་མཉམ་འདྲེས་གསར་སྐྲུན་གྱི་མ་ལག་མྱུར་དུ་འཛུགས་པ། འབད་བརྩོན་སྔར་ལས་ཆེན་པོས་ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བ། ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་འཐབ་འཛིང་གི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རང་རེའི་དམག་དཔུང་གི་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་ཚན་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཟེར།

འཐུས་མི་སྐོར་ཞིག་གིས་གཏམ་བཤད་པར་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། དམག་ཡོངས་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམིགས་ཏེ། བསམ་བློ་གཅིག་གྱུར་བ་དང་བྱ་བ་དམ་འཛིན་གྱིས་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཐད་ནས་ལོ་རྒྱུས་རང་བཞིན་གྱི་བརྒལ་གཏོར་མངོན་འགྱུར་བྱས་པ་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཐད་ནས་འཕེལ་རིམ་གལ་ཆེན་བླངས་ལ། རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་ཐད་ནས་ཟིལ་གནོན་རང་བཞིན་གྱི་རྣམ་པ་བྱུང་ནས། རང་རེའི་དམག་དཔུང་གི་འཛུགས་སྐྲུན་ཐད་སྣང་ཚུལ་གསར་བ་བྱུང་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཚན་རྩལ་གོང་འཕེལ་གྱིས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་པ་དང་། འཛམ་གླིང་གི་དམག་དོན་འཕེལ་ཕྱོགས་ལ་ཤན་ཤུགས་ཆེན་པོ་ཐེབས་བཞིན་ཡོད། ཚན་རིག་ལག་རྩལ་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་བར་བསྟུན་ནས། རྒྱལ་ཁབ་འཐབ་ཇུས་ཀྱི་འགྲན་རྩོད་ནུས་ཤུགས་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས། དམག་དཔུང་གི་འཐབ་འཛིང་ནུས་ཤུགས་བཅས་ཀྱི་འབྲེལ་བ་ཡང་ཇེ་དམ་ནས་ཇེ་དམ་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྲུང་དཔལ་འབྱོར་དང་སྤྱི་ཚོགས་དཔལ་འབྱོར། དམག་སྤྱོད་ལག་རྩལ་དང་དམངས་སྤྱོད་ལག་རྩལ་བཅས་མཉམ་འདྲེས་ཡོང་ཚད་ཀྱང་ཇེ་ཟབ་ནས་ཇེ་ཟབ་ཡིན་པས། ང་ཚོས་ངེས་པར་དུ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཆོད་སེམས་དང་ནུས་ཤུགས་སྔར་ལས་ཆེན་པོས་ཚན་རྩལ་གསར་སྐྲུན་དང་གོང་འཕེལ་ལ་མྱུར་དུ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཡུན་རིང་གི་འཕེལ་རྒྱས་བརྒྱུད་དེ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས་མཐོར་འདེགས་ཆེན་པོ་བྱུང་བ་དང་། ཚན་རྩལ་གྱི་ཁྱབ་ཁོངས་གལ་ཆེན་ཁ་ཤས་སུ་འཛམ་གླིང་གི་སྔོན་གྲལ་དུ་ཚུད་དེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང་། ང་ཚོར་ཚན་རྩལ་ཁྱབ་ཁོངས་ཀྱི་དམག་དམངས་མཉམ་འདྲེས་དེ་སྔར་ལས་ཇེ་བཟང་དུ་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཆ་རྐྱེན་ཡོད་པས། མཐོ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བཟང་པོར་སྤེལ་ཏེ། རྒྱལ་སྲིད་ཚན་རྩལ་དང་མཚོན་ཆ་སྒྲིག་ཆས་ཐད་ནས་དམག་དམངས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། དམག་དཔུང་དང་ས་གནས་མཉམ་འབྲེལ་གྱིས་དམག་དོན་མི་སྣ་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་བ། སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རེའི་དམག་དཔུང་གི་འཛུགས་སྐྲུན་དེ་སྤུས་ལེགས་ནུས་ལྡན་རང་བཞིན་དང་ཚན་རྩལ་གཅིག་བསྡུས་རང་བཞིན་་དུ་མྱུར་དུ་བསྒྱུར་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་ཁྲོད་དུ་བཞག་ནས་གཅིག་གྱུར་གྱིས་ཇུས་འགོད་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཇུས་འགོད་ལ་ཟུང་སྦྲེལ་དམ་པོ་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པར་འཆར་གཞི་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བར་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས་ཡོད། རང་རེའི་དམག་དཔུང་གིས་དམག་དཔུང་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པར་ཟུང་སྦྲེལ་བྱས་ཏེ། དམིགས་འབེན་དང་ཐབས་ལམ། གནད་ས། བརྒལ་གཏོར་བྱེད་ས་བཅས་ཡང་དག་པར་བཙལ་ཞིང་། དམག་འཁྲུག་དངོས་ཀྱིས་ཁྲིད་སྟོན་བྱེད་པ་དང་མ་ལག་གིས་བདེན་དཔང་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་སྔོན་ཐོན་གྱི་འདུ་ཤེས་དང་བྱེད་ཐབས། ཐབས་ཤེས་བཅས་བཀོལ་ནས། ཆེད་མཁས་རིག་མཛོད་མ་ལག་གི་ནུས་པ་འདོན་སྤེལ་བྱས་ཏེ། འཐབ་ཇུས་ཇུས་འགོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཀྲུང་དབྱང་གི་རིམ་པ་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུའི་ཐག་བཅད་ཡོད། རྐྱེན་སྲོལ་དང་སྲིད་ཇུས་ལམ་ལུགས་ཀྱི་བཅོས་སྒྱུར་ལ་བརྟེན་ནས། མ་ལག་ཆ་ཚང་བའི་ཚན་རྩལ་དམག་དམངས་མཉམ་འདྲེས་ཀྱི་སྲིད་ཇུས་ལམ་ལུགས་མ་ལག་འཛུགས་དགོས་པ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་གོམས་སྲོལ་བཟང་པོ་དར་སྤེལ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ཕྱོགས་བཅས་ཀྱིས་རྒྱལ་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། དམག་དོན་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཟེར།

ཚོགས་འདུ་གྲོལ་སྐབས། ཞི་ཅིན་ཕེན་གྱིས་གཞི་རིམ་གྱི་དམག་དཔུང་ནས་ཡོང་བའི་དམག་དཔུང་གི་དམངས་ཆེན་འཐུས་མི་སྐོར་ཞིག་ལ་བརྩེ་བའི་མཇལ་འཕྲད་གནང་བ་དང་། ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་ཅིང་། ཁོ་ཚོར་རང་གི་ལས་གནས་སྟེང་རྐང་འཛུགས་པ་དང་། བྱ་བའི་དོན་དངོས་ལ་ཟུང་སྦྲེལ་བྱེད་པ། ཚན་རྩལ་ཤེས་བྱ་ཧུར་ཐག་གིས་སྦྱང་བ། ཚན་རྩལ་བཀོལ་སྤྱོད་ཀྱི་ནུས་པ་དང་ཆུ་ཚ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།