ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ང་ཚོས་འཇར་མན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་མན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་དང་འཛམ་གླིང་ཅན་དུ་སྒྱུར་བའི་རྒྱབ་སྐྱོར་མཁན་ཡིན་པའི་ཆ་ནས་ཀྲུང་གོ་དང་འཇར་མན་གཉིས་ལ་ཕྱོགས་སོ་སོས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་པ་དང་ཕྱོགས་མང་ཉོ་ཚོང་ཚད་གཞི་དང་སྒྲིག་སྲོལ་གྱི་ཕན་ནུས་རང་བཞིན་དང་དབང་ཟིལ་རང་བཞིན་སྲུང་སྐྱོབ་བྱེད་པའི་འགན་འཁུར་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པའི་མཉམ་ལས་ལ་ཤུགས་སྣོན་པ་དེ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཡོད། ང་ཚོས་འཇར་མན་ཕྱོགས་དང་མཉམ་དུ་ཕྱི་ཕྱོགས་ལ་སྒོ་འབྱེད་དང་མཉམ་ལས། མཉམ་རྒྱལ་བཅས་བྱེད་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། དེང་སྐབས་འཇར་མན་དང་ཀྲུང་གོ་བར་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།