ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

40c49e72cbff683d69588a9886413c0c.jpg

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ།  ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་སི་རལ་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གསར་སྐྲུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ། སློབ་གསོ་དང་གནས་སྐོར་སོགས་མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བར་མ་ཟད། ཀྲུང་གོ་དང་དབྱི་སི་རལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དབྱི་སི་རལ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱི་ཐུན་མོང་གི་གྲོགས་པོ་ཡིན་པའི་ཆ་ནས་ཀྲུང་གོར་དེའི་ཕྱོགས་སུ་སྒེར་ཕན་མེད་ལ། དབྱི་སི་རལ་དང་ཕ་ཁི་སི་ཐན་གྱིས་ཞི་བདེ་མཉམ་གནས་སྔ་མོ་ནས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དངོས་ཡོད་དང་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་ཞིང་ཁྱབ་ཁོངས་མང་པོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དབྱི་སི་རལ་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་མཐུན་གྲོས་མོལ་མྱུར་དུ་བྱས་ཏེ། ཕན་ཚུན་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དབྱི་སི་རལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་ཡིན་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།