ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་སྟེང་ཞུགས་པའི་ས་ཆ་གཞན་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན། ཏེའོ་ཡུས་ཐེ་ཧྥང་ཧྭ་ཡོན་དུ་ཀྲུང་གོར་ཡོང་ནས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་འཕེལ་རྒྱས་གླེང་སྟེགས་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ས་གནས་གཞན་གྱི་འཐུས་མིར་མཇལ་འཕྲད་གནང་པར་མ་ཟད། ས་གནས་གཞན་པའི་འཐུས་མི་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས་པ་ལས་གཞན། རང་དབང་ཉོ་འཚོང་དང་ཁྲོམ་ར་སྒོ་འབྱེད། འཕྲིན་སྦྲེལ་དྲ་རྒྱའི་ཐོན་ལས། གསར་གཏོད་འཕེལ་རྒྱས་སོགས་ཀྱི་སྐོར་ནས་བཏོན་པའི་དྲི་བར་ལན་བཏབ།

ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ཀྱི་ཁྲོད་དུ་རྣམ་པ་བཟང་བོའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་ཀྱང་དེར་བསྟུན་ནས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ལ། སྒྲིག་གཞི་ལེགས་བསྒྱུར་རིམ་སྤོར་དང་སྒུལ་ནུས་གསར་རྙིང་སྦྲེལ་མཐུད་བརྗེ་སྤོར་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད་པས། ང་ཚོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་གནད་དུ་འཛིན་པ་དང་། གསར་གཏོད་སྒུལ་སྤེལ་འཕེལ་རྒྱས་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ། བར་མ་ཆད་པའི་ངང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་ལས་སྐྲུན་བྱེད་པའི་བྱ་བ་ཡར་ལྡན་དུ་སྤེལ་བ་བཅས་ལ་བརྟེན་ནས། ལས་སྐྲུན་དང་གསར་གཏོད་ཀྱི་གེགས་ཡོད་ཚད་སེལ་ནས་མདུན་ལྗོངས་ཡངས་པོར་བཏོད། འཕྲིན་སྦྲེལ་དྲ་རྒྱ་ནི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ། རྣམ་པ་གསར་བ་བཅས་ཀྱི་ཚབ་མཚོན་ཡིན་པའི་ཐོན་ལས་སྐོར་ཅིག་འཚར་ལོངས་བྱུང་པ་དེས། ཀྲུང་གོའི་དཔལ་འབྱོར་ལ་གཞལ་ཐབས་མེད་པའི་སྒུལ་ནུས་གསར་བ་བསྐྲུན་ཡོད། ང་ཚོས་གསར་གཏོད་ལ་སྐུལ་འདེད་དང་དཀྱིལ་ཡངས་གཟབ་ནན་གྱི་ཆོས་ཉིད་ལྟར། ཤུགས་ཆེན་པོས་ལྟ་སྐུལ་དོ་དམ་དང་སྣེ་སྟོན་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། བསྐྱར་དར་ཐོན་ལས་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས་ལ། སྒུལ་ནུས་གསར་རྙིང་གཉིས་ཀྱི་བརྗེ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཁེ་ལས་ཀྱིས་འདི་གར་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་རོགས་རེས་གཉིས་ཕན་གྱི་འདུན་མ་མངོན་དུ་འགྱུར་ཐུབ་པའི་རེ་བ་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཕན་ཁེ་ཅན་གྱི་བྱ་བ་ཡར་ལྡན་དུ་སྤེལ་ནས། ཕྱོགས་སོ་སོའི་ཉོ་འཚོང་བརྒྱུད་ལམ་གལ་ཆེན་གྱི་གོ་གནས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་མ་ཟད། སྒོ་འབྱེད་དང་ཕྱི་གསལ་ནང་གསལ་གྱི་ས་ཁོངས་རང་དབང་ཉོ་འཚོང་འཛུགས་པའི་འདོད་བློ་འཛིན་གྱིན་ཡོད། འཛམ་གླིང་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་དུ། རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། དྲང་ཕྱོགས་ཕན་འབྲས་ཀྱི་རྒྱ་ཆེར་བསྐྱེད་གཏོང་དགོས་པ་དང་། གནས་པའི་གནད་དོན་འཕྲལ་སེལ་བྱས་ནས། འདྲ་མཉམ་གླེང་མོལ་དང་གྲོས་མོལ་སྟབས་བསྟུན་ཐག་གཅོད་བྱེད་ཐབས་ལ་བརྟེན་ནས་འགལ་བ་ཐག་་གཅོད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་དུས་ནམ་ཡང་ཆེས་ཆེར་ཕྱེ་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས། གཏེར་འདོན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཚོད་འཛིན་ཡངས་པོར་བཏོད་དེ། ཕྱི་ཕྱོགས་ཉོ་འཚོང་གི་དངུལ་གཏོང་དོ་དམ་ལས་རིམ་སྟབས་བདེ་ཅན་དུ་གཏོང་དགོས། བརྒྱ་ཆའི་གོ་ལྔའི་ཡན་གྱི་ཕྱི་ཕྱོགས་དངུལ་རྩའི་ཁེ་ལས་ལ་ཐོ་འགོད་སྙན་ཞུའི་ལས་ཕྱོགས་བཙུགས་ཏེ། འགྲོ་ལུགས་བསྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས་པ་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཉོ་འཚོང་ཁོར་ཡུག་ལེགས་པོ་ཞིག་གྲུབ་པར་བྱས་ཏེ། ཀྲུང་གོའི་ནང་ལོག་ནས་ཐོ་འགོད་བྱས་པའི་ཕྱི་ནང་གི་དངུལ་གཏོང་ཁེ་ལས་ཚང་མ་གཅིག་ཏུ་བལྟ་ཐུབ་དགོས། ཕྱིའི་དངུལ་རྩའི་ཁེ་ལས་ཀྲུང་གོར་ཕེབས་པར་དགའ་གུས་ཚད་མེད་ཞུ་བཞིན་ཡོད་ལ། ཁྱད་པར་དུ་དཀྱིལ་ནུབ་རྒྱུད་ཀྱི་དངུལ་རྩའི་ལས་རིགས་བསྐྱར་དར་ཆེན་པོ་འབྱུང་བཞིན་པར་མ་ཟད། ཁེ་ལས་ཆེ་འབྲིང་ཆུང་གསུམ་ཚང་མར་མཉམ་ལས་དང་མཉམ་སྤྱོད། མཉམ་སྐྲུན་བཅས་ཀྱི་འཕེལ་རྒྱས་གོ་སྐབས་བཟང་བོ་མངོན་དུ་གྱུར་བར་དགའ་གུས་ཚད་མེད་བྱེད་ཀྱིན་ཡོད་ཟེར།

རྒྱལ་ཁབ་གཞན་པའི་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང་། སྒྲིག་གཞི་སྙོམ་སྒྲིག་བྱེད་པའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅིང་། འཛམ་གླིང་ཅན་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པ་སོགས་ཀྱི་ཁྱབ་ཁོངས་ཁྲོད་དུ་སྐུལ་འདེད་ཀྱི་བྱེད་ནུས་ཆེན་པོ་བཏོན་ཡོད་པས། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་སྡེ་ཡིས་ཀྲུང་གོའི་དཔལ་འབྱོར་སྒྲིག་གཞིའི་རིམ་སྤོར་པར་གཞི་སྐྲུན་པར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ཀྲུང་གོའི་བཅོས་སྒྱུར་དང་ཕྱི་ཕྱོགས་སྒོ་འབྱེད་ལས་རིམ་ཁྲོད་ཧུར་བརྩོན་ཆེན་པོས་ཟབ་ཞུགས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།