ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཕུའུ་ཅིན་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་རྐྱེན་སྲོལ་ཅན་གྱི་འགྲོ་འོང་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་གོ་དང་ཨུ་རུ་སིའི་སྲིད་ཏང་གི་གླེང་སྟེགས་སྐབས་ལྔ་བ་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་ཁ་ཧྲན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ་གྲོས་ཚོགས་དང་གླེང་སྟེགས་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། འཐབ་ཇུས་རོགས་ལས་ཀྱི་བསམ་བློ་དང་ཚེ་རབས་མཛའ་མཐུན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་ནི། ང་དང་ཙུང་ཐུང་ཕུའུ་ཅིན་བར་དུ་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སིའི་ཏང་གིས་རྐྱེན་སྲོལ་ཅན་གྱི་འགྲོ་འོང་དམ་པོ་སྲུང་འཛིན་བྱས་ཏེ། ཏང་ཁག་གཉིས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་རམ་འདེགས་བྱེད་པ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་བཟང་པོ་བཏོན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་བཅུ་ཙམ་གྱི་འཕེལ་རྒྱས་བརྒྱུད་དེ། ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་ཚོགས་འདུ་དང་། ཀྲུང་གོ་དང་ཨུ་རུ་སིའི་སྲིད་ཏང་གི་གླེང་སྟེགས་དེ་ཏང་ཁག་གཉིས་ཀྱི་རྐྱེན་སྲོལ་ཅན་གྱི་འགྲོ་འོང་གི་སྟེགས་བུ་གལ་ཆེན་ཡིན། ཐེངས་འདིའི་གྲོས་ཚོགས་དང་གླེང་སྟེགས་ཀྱིས་སོ་སོར་སྲིད་འཛིན་ཏང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འདུ་ཤེས་གསར་བ་དང་བྱེད་ཐབས་གསར་བ་ཞེས་པ་དང་། རྒྱུད་གཅིག་ལམ་གཅིག་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་གྱི་སྦྲེལ་མཐུད་མཉམ་ལས་འོག་གི་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་ཞེས་པ་བརྗོད་གཞིར་བཟུང་བ་དེ་ཏང་གཉིས་བར་གྱི་འདུ་ཤེས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྔར་ལས་བཟང་པོར་སྤེལ་བར་ཕན་པ་ཡོད་ཟེར།

ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་སྔར་མེད་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཡོད་ལ། དེང་སྐབས་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོའི་བར་ཕན་ཚུན་མཉམ་ལས་བྱེད་པའི་མིག་དཔེ་རུ་གྱུར་ཡོད་ལ། ཨུ་རུ་སི་དང་ཀྲུང་གོའི་སྲིད་འཛིན་ཏང་གི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཐེངས་འདིའི་གྲོས་ཚོགས་དང་གླེང་སྟེགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།