ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་མཐོ་སློབ་ཀྱིས་ལེགས་ཆ་འདོན་སྤེལ་བྱས་ནས་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ལམ་སྣ་མང་ཅན་འཚོལ་ཞིབ་བྱེད་དགོས་ཞེས་བརྗོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་མཐོ་སློབ་ཀྱི་ཐོན་ཁུངས་སྣ་མང་ཅན་གྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ནས་རྫོང་དབུལ་པོའི་དགོས་མཁོ་དང་མཐོ་སློབ་ཀྱི་ལེགས་ཆ་ཟུང་དུ་འབྲེལ་ས་ཏན་ཏིག་བཙལ་ཐོག སློབ་གསོ་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སྲིད་ཇུས་བློ་འདྲིའི་དབུལ་སྐྱོར། སྨན་བཅོས་འཕྲོད་བསྟེན་དབུལ་སྐྱོར་སོགས་ཐད་ལ་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ལམ་སྣ་མང་ཅན་འཚོལ་ཞིབ་བྱེད་དགོས་ཞེས་བརྗོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་ཕྱིར། སློབ་གསོ་པུས་ཡུན་ནན་ཏན་ཤིས་མཐའ་མཚམས་རི་ཁུལ་འབྲེལ་གཏུག་བྱ་ཡུལ་དུ་གཏན་འཁེལ་བྱས་པ་དང་། མིག་སྔར་སློབ་གསོ་པུས་ཏན་ཤིས་དབུལ་སྐྱོར་དཔུང་ཁག་ལྔ་བཙུགས་ནས། ཐད་གཏོགས་མཐོ་སློབ་44ཡིས་རྒྱལ་ཁབ་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་འགན་འཁུར་དགོས་པ་དང་། མཐོ་སློབ་22ཡིས་ཏན་ཤིས་ཆེད་དོན་དབུལ་སྐྱོར་ལས་འགན་འཁུར་དགོས་པའི་བཀོད་སྒྲིག་བྱས་པ་མ་ཟད། ལས་རིགས་སློབ་གསོ་ཚོགས་པ་10ཡིས་ཏན་ཤིས་ཀྱི་ཀྲོའུ་དང་གྲོང་ཁྱེར་10དང་འཐབ་ཇུས་མཉམ་ལས་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་ཏན་ཤིས་ལས་རིགས་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱས་པ་རེད། དེ་དང་ཆབས་ཅིག་ཁག་བཞིར་དབྱེ་ནས་གནས་སྦྱར་ལས་བྱེད་པ་220མངགས་ཏེ་ཏན་ཤིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་ཞུགས་པ་རེད། ད་དུང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཏན་ཤིས་ལ་རྒྱུ་དངོས་ཞལ་འདེབས་བརྒྱབ་ནས་དབུལ་སྐྱོར་གྱི་ལས་དོན་རབ་དང་རིམ་པ་སྤེལ་བ་རེད།

ཁྲེང་པའོ་ཧྲེང་གིས། གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་མཐོ་སློབ་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་ནས་འགོ་བཙུགས་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྣ་མང་ཅན་གྱི་རོགས་སྐྱོར་ཐབས་ལམ་འཚོལ་ཞིབ་བྱས་པ་སྟེ། མཐོ་སློབ་འགའ་ཞིག་གིས་སློབ་གསོའི་དབུལ་སྐྱོར་ལ་གཞི་བཙུགས་ནས་དགེ་འོས་གསོ་སྦྱོང་དང་། མཐོ་སློབ་ཏུ་སློབ་མ་བསྡུ་བ། ཤེས་ལྡན་པ་གསོ་སྐྱོང་། མི་ཤུགས་ཐོན་ཁུངས་འགན་ལེན་བཅས་བྱས་པ་བརྒྱུད། དབུལ་པོ་བུ་རབས་ཚ་རྒྱུད་བརྒྱུད་ནས་ཆགས་རྒྱུར་བཀག་འགོག་གང་ཐུབ་བྱེད་པ་དང་། མཐོ་སློབ་འགའ་ཞིག་གིས་སྲིད་ཇུས་བློ་འདྲིའི་དབུལ་སྐྱོར་ལ་གཞི་བཙུགས་ནས་ཐབས་ཇུས་བློ་འདྲི་དང་། སྲིད་ཇུས་གྲོས་འགོ འཆར་འགོད་སྒྲིག་བཟོ་སོགས་ས་ཁུལ་དབུལ་པོར་དཀོན་པའི་ཐོན་ཁུངས་མཁོ་འདོན་བྱས་པ་བརྒྱུད། ས་གནས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། མཐོ་སློབ་འགའ་ཞིག་གིས་ཐོན་ལས་དབུལ་སྐྱོར་ལ་གཞི་བཙུགས་ནས་ས་གནས་ཀྱི་ཐོན་ཁུངས་དང་མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་ཟུང་འབྲེལ་བྱས་པ་བརྒྱུད། ས་ཁུལ་དབུལ་པོར་ཐོན་ལས་སྐྱེད་སྲིང་དང་ཁྲོམ་རར་འབྲེལ་གཏུག་བྱེད་རོགས་བྱེད་པ། མཐོ་སློབ་འགའ་ཞིག་གིས་སྨན་བཅོས་འཕྲོད་བསྟེན་དབུལ་སྐྱོར་ལ་གཞི་བཙུགས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་སྨན་བཅོས་ཐོན་ཁུངས་སྒྲིག་འཛུགས་ཀྱིས་སྐོར་སྐྱོད་སྨན་བཅོས་དང་། རྒྱང་ཁྲིད་སྨན་བཅོས། ཁ་གཏད་རོགས་སྐྱོར་བཅས་བྱས་པ་བརྒྱུད། ས་ཁུལ་དབུལ་པོའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པ་རེད། ས་ཁུལ་དབུལ་པོར་མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་དང་། ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་རིམ་སྤོར་ལ་སྐུལ་སྤེལ་གཏོང་རོགས། ས་ཁུལ་དབུལ་པོའི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་སོགས་བརྒྱུད་ཆུང་ས་ནས་དུད་ཚང་གཅིག་དབུལ་སྒྲོལ་དང་ཆེ་ས་ནས་རྫོང་གཅིག་དང་ཀྲོའུ་གཅིག་གི་འཕེལ་རྒྱས་ལ་ཕན་པ་ཐོབ་པ་བྱེད་དགོས་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།