ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རང་རྒྱལ་གྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

    སྤེལ་དུས། : 2017-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་བཞིས《མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་འཆར་གཞི(2017ལོ—2020ལོ)》ཐུན་མོང་ཐོག་པར་འགྲེམས་བྱས་ཏེ་2020ལོར་སླེབས་སྐབས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་བཏང་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཡན་ལོན་པ་བྱ་རྒྱུ་དང་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་བསྡུའི་གཞི་ཁྱོན་འདྲ་མཚུངས་ཡོང་བ་བྱ་རྒྱུ་བཏོན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར་2016ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་87.5%ཟིན་ཡོད། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའེ་ཡུས་ཀང་གིས་མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བའི་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཡན་ཟིན་མོད། འོན་ཀྱང་ཕྱོགས་མང་པོའི་རྒྱུ་མཚན་གྱིས་རྐྱེན་པས་ད་དུང་མངོན་གསལ་དོད་པའི་ཞན་ཆ་འགའ་ཡོད་པ་ལས་གཙོ་བོ་ནི། གཅིག་ནས་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་ཅིང་། དབུས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དང་། མི་རིགས་ས་ཁུལ། མཐའ་མཚམས་ལུང་ཁུག་ས་ཁུལ་བཅས་ཀྱི་སློབ་གསོའི་ཐོན་ཁུངས་དཀོན་པ་དང་ཁྱབ་ཚད་དམའ་ཙམ་ཡོད་པ་དང་། གཉིས་ནས་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་གྲུབ་ཆ་ལུགས་མཐུན་མེད་ཅིང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་མཐུན་སྦྱོར་མིན་པ་དང་ས་ཁུལ་ཁག་གཅིག་གི་འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་མངོན་གསལ་དོད་པོས་རྗེས་སུ་ལུས་པ། གསུམ་ནས་འགན་ལེན་ཆ་རྐྱེན་འཐུས་སྒོ་ཚང་པོ་མེད་ཅིང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མའི་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭའི་བསྡུར་ཚད་མཐོ་བ་དང་། དགེ་རྒན་མི་འདང་བ། ལུགས་མཐུན་གྱི་གྲོན་དངུལ་གཏོང་ཆའི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། བཞི་ནས་སློབ་གསོའི་སྤུས་ཚད་ཁ་ཚ་དགོས་གཏུག་ངང་མཐོ་རུ་གཏོང་དགོས་ཤིང་། མཐོ་རིམ་སློབ་འབྲིང་དཀྱུས་མར་ཁྱད་ཆོས་ཉུང་བ་དང་འབྲིང་རིམ་ལས་རིགས་སློབ་གསོའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་མེད་པ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

དཀའ་ངལ་དང་གནད་དོན་དེ་དག་ཐག་གཅོད་བྱས་ཏེ་2020ལོར་སླེབས་སྐབས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན་ས་ཁུལ་རིགས་4དང་། མི་ཚོགས་རིགས་3 མངོན་གསལ་དོད་པའི་གནད་དོན་3བཅས་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། ལུའེ་ཡུས་ཀང་གིས་ས་ཁུལ་རིགས་བཞི་པོ་ནི་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དང་། མི་རིགས་ས་ཁུལ། ཐག་རིང་ལུང་ཁུག་ས་ཁུལ། གསར་བརྗེའི་ཁུལ་རྙིང་བཅས་ཡིན་པ་དང་ས་ཁུལ་དེ་དག་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་ཀྱི་ཚོད་འཛིན་ཕོག་ནས་སློབ་གསོའི་ཐོན་ཁུངས་དཀོན་པ་དང་ཁྱབ་ཚད་དམའ་ཙམ་ཡོད་པ་ནི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་དམའ་ས་དེ་རེད། 《འགག་སྒྲོལ་འཆར་གཞིའི》ནང་རྒྱལ་ཁབ་དང་ས་གནས་ཀྱིས་འདུ་འགོད་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་ནས་ས་ཁུལ་དེ་དག་གི་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་དམའ་ས་དེ་འདེགས་དགོས་ལུགས་ཁ་གསལ་བཏོན་ཡོད། དམིགས་བསལ་ཚོགས་སྤྱི་རིགས་གསུམ་ནི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དང་། སློབ་མ་དབང་པོ་སྐྱོན་ཅན། གྲོང་ཁྱེར་དུ་གླ་པར་ཡོང་བའི་མི་སྣའི་མཉམ་སྤོས་བུ་ཕྲུག་བཅས་རེད། 《འགག་སྒྲོལ་འཆར་གཞིའི》ནང་དེའི་ཐད་སྟབས་བསྟུན་གྱི་སྲིད་ཇུས་བྱེད་ཐབས་བཏོན་པ་སྟེ། གཅིག་ནས་དཀའ་རོགས་སློབ་ཞུགས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་མ་གཅིག་ཀྱང་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་སློབ་མཚམས་ཆད་དུ་མི་འཇུག་པ་དང་། གཉིས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེ་བའི་སློབ་མ་དབང་པོ་སྐྱོན་ཅན་སློབ་ཡོན་མི་དགོས་པར་སློབ་གསོ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དབང་པོ་སྐྱོན་ཅན་གྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་ལེན་ཡག་པོ་བྱེད་པ། གསུམ་ནས་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་གཏོང་བའི་རྨང་གཞིའི་ཐོག་གྲོང་ཁྱེར་དུ་གླ་པར་ཡོང་བའི་མི་སྣའི་མཉམ་སྤོས་བུ་ཕྲུག་ཡུལ་དེར་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་ནང་ཞུགས་པའི་སྲིད་ཇུས་བྱེད་ཐབས་སྔར་བས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་པ་བཅས་རེད། མངོན་གསལ་དོད་པའི་གནད་དོན་གསུམ་ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མའི་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭའི་བསྡུར་ཚད་མཐོ་བ་དང་། ལས་རིགས་སློབ་གསོའི་སློབ་བསྡུའི་བསྡུར་ཚད་རྒྱུན་མཐུད་ངང་ཆག་པ། སློབ་གྲྭ་འཁོར་རྒྱུག་བྱེད་དཀའ་བ་བཅས་ཡིན་པ་དང་གནད་དོན་དེ་དག་གིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ཁྱབ་གདལ་ཆུ་ཚད་དང་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།