ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དུས་བཅད་ལྟར་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་ཁ་པར་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལི་བར་འཚམས་འདྲི་བྱས་པར་མ་ཟད་ཙུང་ལི་བར་གྱི་ལོ་འཁོར་གྲོས་མོལ་ཐོག་མ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་བྱུང་། མིག་སྔར་གྲུབ་འབྲས་སྣ་ཚོགས་ནུས་ཡོད་སྒོས་ལག་བསྟར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་ཁ་ན་ཏའི་དཔལ་འབྱོར་ནོར་སྲིད་འཐབ་ཇུས་གྲོས་མོལ་མི་འགྱང་བར་སྤེལ་མགོ་རྩོམ་རྒྱུ་དང་། ཀྲུང་གོ་དང་ཁ་ན་ཏའི་རང་དབང་ཉོ་ཚོང་ས་ཁུལ་གྱི་འཚོལ་ཞིབ་རང་བཞིན་གྱི་གྲོས་བསྡུར་གྲོས་ཚོགས་ཐེངས་གཉིས་པའང་བསྡུ་རྒྱུ་རེད། ཀྲུང་གོ་དང་ཁ་ན་ཏ་གཉིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་ཚོགས་པ་གལ་ཆེན་ཡིན་པའི་ཆ་ནས། མཐོ་རིམ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད་ལ། ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་བརྟན་འཇགས་ཀྱི་ས་ཁུལ་ཁོར་ཡུག རང་དབང་ཉོ་ཚོང་གི་ཁོར་ཡུག་བཅས་ལ་སྲུང་སྐྱོབ་བྱེད་པར་ཕན་པའང་ཡོད་ཟེར།

ཐི་ལུའུ་ཏོ་ཡིས་བཤད་རྒྱུར། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། འཕེལ་རྒྱས་མཉམ་རྒྱལ་གྱི་གོ་སྐབས་སྔར་ལས་མང་པོ་སྐྲུན་འདོད་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་པའི་ཚུལ་བསྟན།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།