ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཨུར་དུའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དབྱི་སི་ལམ་པོར་འཚོགས་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཨུར་དུའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཉེ་ཆར་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་ཙུང་ལིའི་གཞུང་ལས་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཕུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོ་སོགས་ཀྱིས་དཔེ་ཕུད་ཀྱི་ཁེབས་རས་ཕྱེ་བ་དང་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་སྲིད་ཕྱོགས་ལས་རིགས་དང་། རིག་གནས་ལས་རིགས། གསར་འགྱུར་དཔེ་སྐྲུན་ལས་རིགས་སོགས་ཀྱི་མི300ལྷག་ཙམ་མཛད་སྒོའི་ནང་ཞུགས་ཡོད།

         ཞེ་ལི་ཕུའུ་ཡིས་ཤིས་ཚིག་གསུང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཀྲུང་གོ་དང་དུས་རབས་འདིའི་རླབས་ཆེན་འགོ་ཁྲིད་པ་ཞིག་ཡིན་ལ། ཕ་ཁི་སི་ཐན་གྱི་བློས་འགེལ་ཆོག་པའི་གྲོགས་པོའང་ཡིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་འདིའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་ཀྱི་རྩལ་གྱིས་ཕྱུག་ཅིང་། བརྩེ་བ་དང་མི་ཆོས་ཀྱི་ཐུགས་ཁུར་ཟབ་པའི་སྒེར་གྱི་དགོངས་པ་མཉམ་སྤྱོད་གནང་ཡོད་པས། མི་རྣམས་ཀྱི་བློ་སྒོ་ཡངས་པོར་ཕྱེ་ནས་ལྕག་སྐུལ་ཚད་མེད་ཐེབས་ཀྱི་ཡོད། དེབ་འདི་ནི་ཆབ་སྲིད་ཀྱི་གསུང་རྩོམ་ཙམ་མ་ཟད། ད་དུང་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་དང་། ཕུགས་འདུན། རིན་ཐང་ལྟ་བ་བཅས་མཚོན་པའི་དེབ་གཅིག་ཡིན། དེབ་འདི་ནི་ཀྲུང་གོ་ཙམ་མ་ཟད་དེང་གི་འཛམ་གླིང་ལ་ཕུལ་བ་ཞིག་ཡིན། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཉམས་མྱོང་ནི་དམིགས་བསལ་ཞིག་ཡིན་པས། དེའི་ལེགས་གྲུབ་ལྡན་པའི་ལག་ལེན་གྱི་ཉམས་མྱོང་ལ་རྒྱལ་ཁབ་མང་པོ་ཞིག་གིས་མིག་དཔེ་ལྟ་བའི་དོན་སྙིང་མང་པོ་ལྡན་ཡོད་ཅེས་གསུངས།
         ཞེ་ལི་ཕུའུ་ཡིས་ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡིན་པ་དང་ཕ་ཁི་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་ནང་ཧུར་ཐག་ཞུགས་བཞིན་ཡོད་པ་མ་ཟད། ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུ་བྱུང་བར་སྤོབས་པ་བྱེད་བཞིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་མི་དམངས་ལ་དགའ་ཞེན་གནང་བར་གཅེས་འཛིན་བྱེད་ཀྱི་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཨུར་དུའི་ཡི་གེའི་པར་མ་ཕ་ཁི་སི་ཐན་དུ་པར་འགྲེམས་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས།
         ཅང་ཅན་གོས་ཤིས་ཚིག་གསུང་སྐབས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ། མི་དམངས་བདེ་སྡོད་ལས་བརྩོན་བྱུང་ཡོད། གྲུབ་འབྲས་དེ་དག་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི་འདུ་ཤེས་གལ་ཆེན་ཞིག་ཡིན། འདུ་ཤེས་གལ་ཆེན་དེས་མིག་སྔའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི“སྲབ་ཐག”བཟུང་ནས་ཤར་ཕྱོགས་ཀྱི་དམིགས་བསལ་བློ་གྲོས་ལྡན་པའི་ཀྲུང་གོའི་ཇུས་གཞི་བཏོན་གནང་བ་དེས་དོན་དངོས་ཀྱི་དམིགས་ས་དང་ཕུགས་ཀྱི་ཁ་ཕྱོགས་གཉིས་ཀ་སྟངས་འཛིན་ཐུབ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་རིན་ཐང་དང་ཁེ་ཕན་གྱི་སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་པས་འཛམ་གླིང་རང་བཞིན་གྱི་དཀའ་གནད་མང་དག་ཅིག་སེལ་བའི“གསེར་གྱི་ལྡེ་མིག”ཅིག་ཡིན་པ་དང་འགན་འཁྲི་འཁུར་ཕོད་པའི་ཀྲུང་གོའི་ཁུར་སེམས་དང་འགན་འཁྲི་འཁུར་མཁས་པའི་ཀྲུང་གོའི་བློ་གྲོས་མངོན་ཡོད་ཅེས་གསུངས།
         ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ཝུའེ་ཏུང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་འདིའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་འགྲོ་ལམ། ཕྱི་ནང་སྲིད་ཇུས་བཅས་ལ་དགོངས་པ་ཟབ་མོ་བཞེས་པ་མཚོན་པ་དང་ཀྲུང་གོས་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་བྱེད་པའི་གཞི་རྩའི་རྩ་དོན་དང་མཛད་ཕྱོགས་རྒྱས་བཤད་གནང་ཡོད་པས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཙམ་མ་ཟད་མིའི་རིགས་ཀྱི་ལས་དབང་ལ་འཛིན་པའི་རླབས་ཆེའི་མིག་རྒྱང་དང་འདུན་པ་བཟང་པོ་འདུས་ཡོད། དེབ་འདིའི་ཨུར་དུའི་ཡི་གེའི་པར་མ་པར་འགྲེམས་བྱ་རྒྱུ་དུས་ལ་འཁེལ་པས་ཕ་ཁི་སི་ཐན་མི་དམངས་ཀྱིས་དེང་སྐབས་ཀྲུང་གོ་ཤེས་རྟོགས་སྔར་ལས་ཟབ་པ་བྱེད་པར་གོ་སྐབས་གལ་ཆེན་བསྐྲུན་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གཅིག་སེམས་གཅིག་སྦྲེལ་དང་ཕན་ཚུན་རྒྱུས་མངའ་དང་དགའ་གཅེས་དེ་བས་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས།
         ཕ་ཁི་སི་ཐན་གྲོས་ཚོགས་ཀྱི་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་ཀྲུང་སློབ་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཧྲ་ཞི་ཏེ·ཧོ་སའེ་དབྱིན་གྱིས་ཕ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་མིག་དཔེ་ཞིག་ཡིན་པ་དང་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཨུར་དུའི་ཡི་གེའི་པར་མ་ཕ་ཁི་སི་ཐན་དུ་པར་འགྲེམས་བྱས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བྱ་བ་ཞིག་ཡིན་པས། ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྔར་བས་མཐུན་སྒྲིལ་དམ་ཟབ་དང་འཕེལ་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་རྒྱུ་རེད་ཅེས་གསུངས།
         པར་ཕུད་མཛད་སྒོའི་ཐོག་ཅང་ཅན་གོས་ཞེ་ལི་ཕུའུ་ལ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཨུར་དུའི་ཡི་གེའི་པར་མའི་དཔེ་ཕུད་ཕུལ་བ་རེད། ཞེ་ལི་ཕུའུ་དང་ཅང་ཅན་གོས་ཐུན་མོང་ཐོག་ཕ་ཁི་སི་ཐན་གྱི་ཕ་ཀྲུང་སློབ་ཚོགས་དང་། ཕ་ཁི་སི་ཐན་གྱི་འཐབ་ཇུས་ཞིབ་འཇུག་ཁང་། དབྱི་སི་ལམ་པོའི་ཁུང་ཙི་སློབ་གླིང་། ཕ་ཁི་སི་ཐན་རྒྱལ་ཁབ་དཔེ་མཛོད་ཁང་བཅས་ཀྱི་འཐུས་མིར་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་དེ་ཕུལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།