ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

111.jpg

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

222.jpg

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། ཞི་ཅིན་ཕིང་གིས་ནན་ཉིན་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལས་འགན་ཧ་ཅང་ལྗིད་པས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་འཆར་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིགས་ལེགས་བཅོས་བྱེད་པ། ཉེན་ཁ་འགོག་སྲུང་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།

ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཞི་ཅིན་ཕིང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཕིན་ཆིན་ཧྭ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲིན་ཝུའུ་གཉིས་ཀ་དང་མཉམ་དུ་པེ་ཧེ་གྲོང་ཁྱེར་དང་ནན་ཉིན་གྲོང་ཁྱེར་སོགས་ཀྱི་གྲུ་ཁ་དང་ཁེ་ལས། གསར་སྐྲུན་དཔེ་སྟོན་རྟེན་གཞི། རིག་གནས་ལས་ཁུངས་བཅས་ལ་ཕེབས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གྲོས་གཞི་དང་རེ་སྒུག་ལ་རྒྱུས་ལོན་ཟབ་མོ་མཛད།

དེར་མཐུད་ནས་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གཞི་རིམ་གྱི་འཐུས་མི་བཅུ་བཞི་ཡིས་དོན་དངོས་དང་འབྲེལ་ནས་གཏམ་བཤད། ཞི་ཅིན་ཕིང་གིས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ང་ཚོས་དམངས་གཙོ་དར་སྤེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་གྲ་སྒྲིག་བཟང་བོ་བྱེད་དགོས་པ་དང་། གཞི་རིམ་བློ་མཐུན་རྣམས་དེའི་ཁྲོད་དུ་ཞུགས་པ་དང་ནུས་པ་ཆེན་པོ་འདོན་པར་མཐོང་ཆེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕྱོགས་སོ་སོའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། རེ་སྒུག་གསར་བར་ཡིད་འཇོག་ཆེན་པོ་བྱེད་པ་དང་། ལྷག་པར་དུ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ལག་བསྟར་དང་དངོས་འབེབས་བྱེད་པའི་བསམ་འཆར་དང་གྲོས་གཞི་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཡིད་འཇོག་བྱེད་པའི་གནད་དོན་གཙོ་བོ་གཅིག་སྡུད་བྱས་ཏེ། ལུགས་མཐུན་གྱི་ཐབས་ལམ་བརྒྱུད་ནས་ཡར་ཞུ་བྱེད་པ་དང་དངོས་གཉེར་གྱི་ཐབས་ཇུས་གང་མང་བཏོན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་ལ་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར། གྲོས་ཚོགས་གྲོལ་རྗེས་ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མི་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་ཏེ། ཀོང་ཞི་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཀོང་ཞིའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བཟང་བོ་བྱེད་དགོས་ལ། ནན་ཏན་སྒོས་བྱ་བ་སྣ་ཚོགས་བསྒྲུབ་ནས་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀོང་ཞི་ནི་གསར་བརྗེ་གནས་རྙིང་ས་ཁུལ་དང་དབུལ་ཕོངས་ས་ཁུལ། མཐའ་མཚམས་ས་ཁུལ། མི་རིགས་ས་ཁུལ་བཅས་ཡིན། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་ན་མཐའ་མཚམས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་། མཐའ་མཚམས་འཛུགས་སྐྲུན་བཟང་བོ་བྱས་ན་མི་རིགས་ལས་དོན་གོང་འཕེལ་དུ་འགྲོ་ཐུབ་པར་མ་ཟད་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ། བྱ་བ་འདི་དག་ནི་ཕྱོགས་བསྡུས་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ཞིབ་འཇུག་ནན་མོ་བྱེད་པ་དང་མཉམ་དུ་ལག་བསྟར་བྱེད་དགོས། དེང་སྐབས་དབུལ་ཐར་མཁྲེགས་གཏོར་གནས་བབ་སྔར་བཞིན་ཛ་དྲག་པས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་ཐབས་ཇུས་དངོས་འབེབས་བྱེད་དགོས། དབུལ་ཕོངས་དང་དཀའ་ཁག་ཅན་ལ་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱོད་དགོས་པ་དང་། གནས་རྙིང་ས་ཁུལ་མྱུར་དུ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་བཏང་ནས། གནས་རྙིང་ས་ཁུལ་གྱི་མི་དམངས་སྔ་མོ་ནས་དབུལ་ཐར་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

ཝང་ཧུའུ་ཉིན་དང་ལེ་ཀྲན་ཧྲུའུ། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་ཞི་ཅིན་ཕིང་དང་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།