ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་བའི་མཉམ་འབྲེལ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་པེ་ཅིན་ཕེས་ལི་ལས་རིགས་སློབ་གླིང་ལ་འཕྲིན་ལན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་བའི་མཉམ་འབྲེལ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་པེ་ཅིན་ཕེས་ལི་ལས་རིགས་སློབ་གླིང་ལ་འཕྲིན་ལན་བཏང་སྟེ། ཁོ་ཚོར་སྙིང་ཐག་པ་ནས་སྨོན་འདུན་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཁོང་གིས་འཕྲིན་ལན་ནང་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོར་རླབས་ཆེན་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་བ། བཟོ་བའི་མཉམ་འབྲེལ་ལས་འགུལ་གྱི་སྐུལ་སློང་བྱེད་མཁན་གཙོ་བོ། ཕེས་ལིས་སློབ་གྲྭ་གསར་གཏོད་བྱེད་མཁན་ལུའུ་དབྱི་ཨེ་ལེ་སྐུ་འཁྲུངས་ནས་ལོ་བརྒྱ་དང་ཉི་ཤུ་ལོན་པ་རེད། ཨེ་ལེ་ཡིས་ཀྲུང་གོའི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། ཀྲུང་གོ་ནས་ལོ་ངོ་དྲུག་ཅུའི་རིང་ལ་བྱ་བ་བསྒྲུབས་ཏེ། ཀྲུང་གོ་མི་དམངས་དང་ནེའུ་ཙི་ལན་མི་དམངས་བར་མཛའ་མཐུན་འབྲེལ་བ་བཙུགས། ཁོས་སུང་ཆིན་ལིན་དང་སི་ནོ་སོགས་དང་མཉམ་དུ་བཙུགས་པའི་བཟོ་བའི་མཉམ་འབྲེལ་རྒྱལ་སྤྱིའི་ཚོགས་པ་དེས་ཀྲུང་གོའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་བའི་མཉམ་འབྲེལ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་པེ་ཅིན་ཕེས་ལི་ལས་རིགས་སློབ་གླིང་གིས་ལུའུ་དབྱི་ཨེ་ལེའི་འབད་བརྩོན་ཆེན་པོ་དང་མཉམ་དུ་བྱ་བ་སྒྲུབ་པའི་བཟོ་བའི་མཉམ་འབྲེལ་གྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ནས། ཧུར་ཐག་སྒོས་རྒྱལ་སྤྱིའི་རིག་གནས་བརྗེ་རེས་བྱེད་པ་དང་། རྒྱལ་སྤྱིའི་མཛའ་བཤེས་ཀྱི་ལོ་རྒྱུས་གསར་བ་སྐྲུན་ཏེ། འཛམ་གླིང་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

ཀྲུང་གོ་མི་དམངས་ཕྱི་འབྲེལ་མཛའ་བཤེས་མཐུན་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ལུའུ་དབྱི་ཨེ་ལེ་སྐུ་འཁྲུངས་ནས་ལོ་བརྒྱ་དང་ཉི་ཤུ་ལོན་པར་རྗེས་དྲན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།