ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན19པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་བས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ། ལས་དོན་ཏན་ཏིག་སྤེལ་བ། ལས་དོན་སྤེལ་མཁས་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ཟླ4པའི་ཚེས19ནས21ཉིན་བར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲེན་ཝུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་པེ་ཧའེ་དང་ནན་ཉིང་སོགས་ས་ཆའི་གྲུ་ཁ་དང་། ཁེ་ལས། གཙོ་གནད་རྣམ་གྲངས། གསར་གཏོད་དཔེ་མཚོན་རྟེན་གཞི། རིག་གནས་ཚན་པ་བཅས་སུ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་ས་ཆ་དངོས་སུ་གཞི་རིམ་ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བཏོན་པའི་གྲོས་འགོ་དང་རེ་སྒུག་མཁྱེན་རྟོགས་གནང་བ་རེད།

ཚེས19ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་པེ་ཅིང་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཧའེ་གྲོང་ཁྱེར་དུ་ཕེབས་པ་དང་། ཕྱི་དྲོ་དང་ཐོག་ཧོ་ཕུའུ་རྫོང་གི་ཧན་རྒྱལ་རབས་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞི་ཅིན་ཕིང་འགྲེམས་ཁང་ནང་ཕེབས་ནས་ཧོ་ཕུའུ་ཡི་ཧན་རྒྱལ་རབས་དུས་ཀྱི་བང་སོ་ནས་ཐོན་པའི་རང་རྒྱལ་གྱི་གནའ་བོའི་རིག་དངོས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཧན་རྒྱལ་རབས་དུས་ཀྱི་བྱང་རྒྱུད་མཚོ་ཁུག་ས་ཁུལ་གྱིས་ཕྱི་ཕྱོགས་སུ་ཚོང་འགྲུལ་འགྲོ་འོང་བྱེད་པའི་ལོ་རྒྱུས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་ལ་ཀྲུང་ཧྭའི་ཤེས་དཔལ་ལའང་ལོ་རྒྱུས་ཡུན་རིང་ལྡན་ཡོད་སྟབས་ཀྲུང་ཧྭའི་རིག་གནས་ནི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་རྟེན་རྫས་བཤམས་མཛོད་ཁང་གཅིག་ནི་སློབ་གྲྭ་ཆེན་པོ་ཞིག་རེད། འདི་གར་སྒྲིག་གཤོམ་བྱས་པའི་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་སྐབས་ཀྱི་རིག་དངོས་ཚང་མ་ནི་ལོ་རྒྱུས་དང་རིག་གནས་རེད། རིག་དངོས་དང་། ལོ་རྒྱུས། རིག་གནས་བཅས་ཀྱིས་ར་སྤྲོད་བྱེད་དུ་འཇུག་དགོས་ཞེས་མཛུབ་སྟོན་གནང་བ་རེད།

རྟེན་རྫས་བཤམས་མཛོད་ཁང་ནས་ཞལ་གྱེས་ཏེ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཐེ་ཧྲན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁར་ཕེབས་ནས་གྲུ་ཁའི་གཉེར་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་བྱང་རྒྱུད་མཚོ་ཁུག་གྲུ་ཁ་འཆར་འགོད་འཛུགས་སྐྲུན་དང་བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ཁུལ་འཕེལ་རྒྱས་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཐེ་ཧྲན་གྲུ་ཁས་དུས་ཐུང་ལོ་ཁ་ཤས་ནང་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི100ནས་ཏུན་ཁྲི2000བར་མང་དུ་ཕྱིན་པ་མཁྱེན་རྟོགས་བྱུང་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ནས་འདི་ཁུལ་དུ་ས་བབ་ཀྱི་ཆ་རྐྱེན་བཟང་བ་དང་མདུན་ལམ་ཧ་ཅང་ཆེན་པོ་འདུག་ཅེས་གསུངས་པ་རེད།

དེ་ཁུལ་དུ་ལས་ཀ་བྱེད་བཞིན་པའི་གྲུ་ཁའི་བཟོ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་བཅར་ནས་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་ཁོང་ཚོས་ལས་གནས་ལ་གཅེས་པ་དང་ལས་ཀར་འབད་བརྩོན་གྱིས་བྱ་གཞག་རྩེ་གྲ་བཏོད་དེ་དེང་རབས་བཟོ་པའི་གྲལ་རིམ་གྱི་གཟུགས་བརྙན་བཟང་པོ་གཏོད་པ་དང་མངོན་པར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

ཞི་ཅིན་ཕིང་གིས་ས་སྲོས་མཚམས་སྤྲིན་སྐབས་པེ་ཧའེ་ཡི་ཅིན་ཧའེ་དབན་སྡོང་དམར་ནགས་ཚལ་སྣོད་བཅུད་སྲུང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་བ་རེད། སྡོང་དམར་ནགས་ཚལ་ལ“མཚོ་ཐོག་ནགས་ཚལ”དང“རྒྱ་མཚོའི་སྲུང་དམག”ཅེས་འབོད་སྲོལ་ཡོད་པ་རེད། ཞི་ཅིན་ཕིང་གིས་ངོ་སྤྲོད་གསན་པ་དང་དེ་ཁུལ་གྱི་མཛེས་ལྗོངས་ལ་གཟིགས་པ་དང་འབྲེལ་སྡོང་དམར་ནགས་ཚལ་སྐྱེད་འཚར་བྱུང་སྟངས་དང་དེས་རྒྱ་མཚོའི་སྣོད་བཅུད་ལ་ཐོན་པའི་སྙོམས་སྒྲིག་གི་ནུས་པ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཚེས20ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་ནན་ཉིང་དུ་ཕེབས་ནས་ཀོང་ཤིས་ནན་ནན་ཧ་ཡང་ལས་སྣོན་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད། ཁོང་བཟོ་སྐྲུན་ལྟེ་གནས་དང་། རྒྱུ་ཆ་གསར་པའི་ལྷུ་ལག་ཁུལ། བཟོ་སྐྲུན་ལྟེ་གནས། བཟོ་ཁང་། རྒྱུ་ཆ་གསར་པ་བེད་སྤྱོད་ཁུལ་བཅས་སུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ནུས་པ་ཆེ་བའི་ཧ་ཡང་རྒྱུ་ཆའི་ཐོན་ལས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ཀུང་སིས་བློ་ཁོག་ཆེན་པོས་གསར་གཏོད་གསར་སྐྲུན་བྱས་པར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་རྒྱལ་ཁབ་གཅིག་ལ་ངེས་པར་དུ་ཡང་དག་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡོད་དགོས། རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ཡིན་པས་ངེས་པར་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་བཟོ་ལས་དེང་རབས་ཅན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དངོས་དོན་བྲལ་བའི་སྟོང་དོན་དོན་གཉེར་བྱེད་མི་རུང་ཞེས་མཛུབ་སྟོན་གནང་བ་རེད།

ཚེས20ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ནན་ཉིང་དུ་ན་ཁོ་ཆུ་བོའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་དང་ནན་ཉིང་གི་ཀྲུང་ཀོན་ཚུན་གསར་གཏོད་དཔེ་སྟོན་རྟེན་གཞིར་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ཁྱབ་ཚུལ་དང་། “འགྱིག་བལ་གྲོང་ཁྱེར”འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ་ས་ཆ་དངོས་སུ་བཅོས་སྐྱོང་གྲུབ་འབྲས་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ནན་ཉིང་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ཆུ་ལམ་བཅོས་སྐྱོང་བྱས་ནས་ཆུ་བོ་ཤར་རྒྱུག་ཡོང་བ་དང་དྭངས་མ་ཡོང་བ་བྱས་ཏེ་ངོགས་གཉིས་ཀྱི་ཡུལ་ལྗོངས་མཛེས་པའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་བྱ་ཐབས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཁོང་ཚོས་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུའི་ཐུགས་རེ་གནང་ཞིང་། ཁོང་གིས་ཀོང་ཤིས་ཀྱི་སྣོད་བཅུད་ལེགས་ཆ་གསེར་ལས་ལྷག་པ་ཞིག་ཡོད་པས་གྲོན་ཆུང་སྔོན་འཇོག་དང་། སྲུང་སྐྱོང་སྔོན་འཇོག རང་བྱུང་སླར་གསོ་བཅས་བྱེད་རྒྱུ་དེ་གཞི་རྩའི་བྱེད་ཕྱོགས་ཤིག་ཏུ་བརྩི་བ་དང་། མི་དང་རང་བྱུང་མཐུན་སྦྱོར་མཉམ་གནས་ཐུབ་པ་བྱེད་རྒྱུ་དེ་གཞི་རྩའི་དམིགས་ཡུལ་དུ་བརྩིས་ནས་ཀོང་ཤིས་ཀྱི་ས་གཞི་ཆེན་པོ་འདིར་སྔོ་ཞིང་དྭངས་བའི་རི་ཆུ་དང་། ནམ་ཡང་མཁའ་རླུང་སོས་པར་གནས་པར་བྱས་ཏེ། སྣོད་བཅུད་བཟང་པོ་དེ་ཉིད་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱི་འཕར་གཞི་དང་མཛེས་སྡུག་ལྡན་པའི་གཟུགས་བརྙན་མངོན་པར་བྱེད་པའི་ཤུགས་རྒྱག་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། ད་དུང་ཞི་ཅིན་ཕིང་གིས་དེ་གར་ངལ་གསོ་རྒྱག་བཞིན་པའི་གྲོང་མི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོར་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།

ནན་ཉིང་གི་ཀྲུང་ཀོན་ཚུན་གསར་གཏོད་དཔེ་སྟོན་རྟེན་གཞིར་ཞི་ཅིན་ཕིང་གིས་རྟེན་གཞིའི་སྤྱིའི་འཆར་འགོད་དང་གཉེར་སྐྱོང་གནས་ཚུལ་གསན་པ་དང་། རྟེན་གཞིར་གཞིས་ཆགས་པའི་ཁེ་ལས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་རྟེན་གཞིས་ཕྱི་ཕྱོགས་ཁེ་ལས་ཀྱིས་རང་ས་གནས་ཀྱི་ཁེ་ལས་དང་མཉམ་མཐུན་གསར་གཏོད་འཕེལ་རྒྱས་དང“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ས་ཁོངས་མཉམ་ལས་དང་དཔལ་འབྱོར་ལག་རྩལ་མཉམ་ལས་བྱེད་པར་འགག་རྩ་ནི་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་ཐུག་ཡོད་ལ། གསར་གཏོད་དང་ལས་གཏོད་གཞི་གཅིག་ཏུ་འབྲེལ་བ་དང་མཉམ་འཚོ་མཉམ་གནས་ཀྱི་འབྲེལ་བ་ཡིན། གསར་གཏོད་དཔེ་སྟོན་རྟེན་གཞི་སྐྲུན་པར་གསར་གཏོད་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་དགོས་པ་མ་ཟད། ནུས་ཕྱོད་ཆེ་བའི་སྲིད་གཞུང་གི་ཞབས་ཞུ་དང་ལེ་ལག་ཚང་བའི་ཐོན་ལས། དེ་བཞིན་སྔོན་ཐོན་གྱི་ལག་རྩལ་བཅས་ཀྱིས་འདེགས་སྐྱོར་བྱས་ཏེ། ཡིད་དབང་རབ་ཏུ་འཕྲོག་པའི་གསར་གཏོད་ཁོར་ཡུག་མ་ལག་བསྐྲུན་ནས། འོས་ཤིང་འཚམ་པའི་ས་བོན་འོས་ཤིང་འཚམ་པའི་ཁོར་ཡུག་ཁྲོད་བཏབ་ནས་འབྲས་བཟང་སྨིན་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་གསེབ་དང་། ཁེ་ལས། ལས་ཁུངས། སློབ་གྲྭ ཚན་ཞིབ་ཚན་པ་བཅས་ནས་ཡོང་བའི་གཞི་རིམ་གྱི་འཐུས་མིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་ཁོང་ཚོ་རེ་རེ་བཞིན་དང་ཕྱག་གཏོང་རེས་གནང་ཞིང་། ཁོང་གིས་དེ་རིང་ལས་རིགས་མི་འདྲ་བའི་གཞི་རིམ་གྱི་འཐུས་མི་ཁག་གཅིག་གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་འཚོགས་དོན་གཙོ་བོ་ནི་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཡག་པོར་འཚོག་རྒྱུར་གྲོས་འགོ་དང་རེ་སྒུག་ག་རེ་ཡོད་མེད་ཉན་རྒྱུ་དེ་ཡིན་པས། ཚང་མས་གང་བསམ་སྦ་གསང་མེད་པར་ལྷུག་གླེང་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཚོགས་ཞུགས་གཞི་རིམ་གྱི་འཐུས་མིས་དོན་དངོས་དང་ཟུང་འབྲེལ་གྱིས་ཟུར་ཚད་མི་འདྲ་བའི་ཐོག་ནས་འགྱུར་ལྡོག་དང་འཕེལ་རྒྱས་གླེང་བ་དང་། གྲུབ་འབྲས་གླེང་བ་དང་གནད་དོན་བཏོན་པ་དང་འབྲེལ་གྲོས་འགོ་དང་རེ་སྒུག་ཞུས་ནས་ཁྱོན་ཡོངས་བློ་ལ་འཆང་བ་དང་དྲང་གཏམ་ལྷུག་པོར་གླེང་བ་རེད། ཞི་ཅིན་ཕིང་གིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་སྐབས་སྐབས་སུ་སྤེལ་རེས་གནང་བ་དང་འབྲེལ་ཤེས་ལྡན་མི་སྣའི་ས་ཁོངས་ཁྱབ་ཚུལ་ལེགས་སུ་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཞིང་ལས་ཀྱི་སྔོན་ཐོན་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལེགས་པར་སྒྲུབ་པ། མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་ཤུགས་སྣོན་རྒྱག་པ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལེགས་པར་སྒྲུབ་པ། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་དགོངས་འཆར་གལ་ཆེན་བཏོན་གནང་བ་རེད།

འཐུས་མི14ཡི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ཐོག་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་བཟོས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་7གྱི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཆར་གཞི་རིམ་གྱིས་བཏིང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུའི་གྲ་སྒྲིག་བྱེད་པར་ངེས་པར་དུ་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་དགོས། གཞི་རིམ་གྱི་བློ་མཐུན་ཚོ་སྒྱུར་བཅོས་སྒོ་འབྱེད་ཀྱི་འཐབ་ས་མདུན་མ་དང་ཐོན་སྐྱེད་ལས་དོན་གྱི་འཐབ་ས་མདུན་མར་གནས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བ་བཅས་ཀྱི་ནང་ཐད་ཀར་ཞུགས་ནས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་ཐུབ་ལུགས་ཤེས་རྟོགས་གཏིང་ཟབ་ཐུབ་ཅིང་། དུས་རྟག་ཏུ་བབ་ཆགས་ཞིབ་ཕྲ་ཡིན་པའི་མི་དམངས་ཀྱི་བསམ་འདུན་མཚོན་པའི་བསམ་འཆར་དང་གྲོས་འགོ་འདོན་གྱི་ཡོད། ང་ཚོས་དམངས་གཙོ་དར་སྤེལ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་གྲ་སྒྲིག་བྱེད་པར་གཞི་རིམ་བློ་མཐུན་ཞུགས་པ་དང་ཁོང་ཚོའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཕྱོགས་ཁག་གི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། རེ་སྒུག་གསར་པ་བཅས་ལ་སྣང་ཆེན་བྱེད་པ་དང་ལྷག་དོན་དུ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་པའི་བསམ་འཆར་དང་གྲོས་འགོ་དང་སྤྱི་ཚོགས་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་འཚོལ་བསྡུ་བྱས་ཏེ། ཐབས་ལམ་འོས་འཚམ་བརྒྱུད་ནས་གོང་ལ་ཞུས་ཏེ་བློ་གྲོས་བསྡུས་པའི་ཇུས་མང་ཙམ་འདོན་པ་དང་དངོས་སྒྲུབ་ཀྱི་ཐབས་མང་ཙམ་བཏོན་ཏེ། ཏང་ཀྲུང་དབྱང་གིས་ཐབས་ཇུས་འདིང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

རྟོག་ཞིབ་གནང་སྐབས་ཞི་ཅིན་ཕིང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཀོང་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཀོང་ཤིས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་སྒོ་དབྱེ། དངོས་འཛིན་དངོས་གྲུབ་བཅས་བྱས་ཏེ། དམངས་ཕྱུག་ཀུའེ་དར་གྱི་ལས་དོན་ཁག་དེ་བས་ཡག་པོ་བསྒྲུབས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་རེ་བ་བཏོན་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། ཐོན་ལས་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། ཕྱོགས་སྒྱུར་འཕེལ་རྒྱས་གཏོང་སྟངས་ལ་གཞོལ་བ། གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་གཞོལ་བ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རྒྱུར་གཞོལ་བ་བཅས་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་བསྐྱོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། ད་ཡོད་ཀྱི་ལས་དོན་དང་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་ཡང་འབད་བསྐྱར་འབད་བྱས་ནས་དམིགས་ཚད་དང་། ལས་འགན། བྱེད་ཐབས། སྲིད་ཇུས། འགྲོ་ལམ། ཐབས་ལམ་སོགས་ཐད་དུ་སྔར་བས་མདུན་སྐྱོད་བྱེད་དགོས། ཀོང་ཤིས་ལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུའི་ཆ་རྐྱེན་འཛོམས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མི་འབོར་དུང་ཕྱུར་བཅུ་གྲངས་ཁ་ཤས་ཀྱི་ཟ་མའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དོན་ཆེན་ཡིན། དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཞིང་ནང་ཆུ་བེད་སོགས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་གཏོང་། ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཟུར་སྣོན་རིན་ཐང་མཐོ་བ་དང་སྤུས་ཀ་ལེགས་པའི་ཞིང་ལས་ཐོན་ཟོག་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་། ཕན་འབྲས། འགྲན་ཤུགས་བཅས་ཆེ་རུ་གཏོང་དགོས། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པར་རོགས་སྐྱོར་དང་ཞིང་པའི་དཔུང་ཁག་གསར་པ་གསོ་སྐྱོང་བྱས་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ལས་དོན་ཡག་པོ་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཤིས་ནི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་ས་ཁུལ་དབུལ་པོ་ཞིག་རེད་ལ། མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་ཞིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབས་ཚེ་མཐའ་མཚམས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་ཐུབ། མཐའ་མཚམས་འཛུགས་སྐྲུན་ཡག་པོ་དང་མི་རིགས་བྱ་གཞག་འཕེལ་རྒྱས་ཕྱིན་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཡང་སྐུལ་མ་ཆེན་པོ་ཐེབས་ཐུབ། ལས་དོན་དེ་དག་ནི་གཞི་གཅིག་ཏུ་བསྡུས་པའི་ནུས་ལྡན་གྱི་ཕུང་བོ་ཞིག་ཡིན་པས་མཉམ་དུ་ཞིབ་འཇུག་དང་མཉམ་དུ་སྐུལ་འདེད་གཏོང་དགོས། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས་ངེས་པར་དུ་ལས་ཡུན་ལྡོག་སྒྲིག་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། དབུལ་པོ་ཆགས་རྐྱེན་ལ་གཞིགས་ཏེ་རིགས་དབྱེ་ཐབས་ཇུས་ལག་བསྟར་དང་། ཕྱི་ཚུལ་རིང་ལུགས་དང་རྫུན་བཟོའི་བྱེད་ཐབས་གཏན་འགོག་བཅས་བྱས་ཏེ་ལས་དོན་ཧུར་ཐག་བསྒྲུབ་རྒྱུར་གཞོལ་དགོས། དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ལ་རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་སྤྱོད་དགོས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་བཏང་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མི་དམངས་མགྱོགས་མྱུར་དབུལ་སྒྲོལ་ཐུབ་པར་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འགོ་ཁྲིད་ཚན་ཁག་ནི་ས་གནས་ཤིག་དང་ཚན་པ་ཞིག་གི“མེ་འཁོར་གྱི་མགོ”ལྟ་བུ་ཡིན། འགོ་ཁྲིད་ཚན་ཁག་ཡག་པོ་བསྐྲུན་རྒྱུ་ནི་ཏང་གི་སྲིད་སྐྱོང་གི་རྩ་འཛུགས་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩ་རེད་ལ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་ཐུབ་རྒྱུའི་འགག་རྩའང་རེད། ལྷག་པར་དུ་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་། ཆེད་ལས་ཅན་གྱི་ཆུ་ཚད། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གྱི་ཆུ་ཚད་བཅས་མཐོ་རུ་བཏང་ནས་འགོ་ཁྲིད་ཚན་ཁག་གི་ཁྱོན་ཡོངས་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ལས་ཀ་གཅིག་བྱས་ན་དེར་དགའ་ཞེན་བྱེད་པ་དང་། ལས་གཅིག་ལ་བརྩོན་ན་དེ་རྩ་གྲ་ཡོང་བ། ལས་ཀ་གཅིག་ལ་དོ་དམ་བྱས་ན་དེར་ཕན་ནུས་ཐོན་པ་བཅས་བྱེད་པ་དང་། སློབ་བརྩོན་དཀའ་སྤྱད་དང་བསམ་གཞིག་ཡང་ཡང་བྱེད་པ་དང་གསལ་རྟོགས་ཐུབ་པ་བྱས་ནས་མགྱོགས་མྱུར་འཇོན་ཐང་ཅན་ཆགས་པ་བྱས་ཏེ། ཕྱོགས་ཡོངས་ནས་འགོ་ཁྲིད་ལས་དོན་གྱི་རང་འགུལ་དབང་ཆ་ཐོབ་པ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།