ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་པུའུ་དང་རྒྱལ་ཁབ་ཉི་ཤུ་ལྷག་གི་བདེ་འཇགས་ལས་ཁུངས་བར་གྱི་རྒྱུད་གཅིག་ལམ་གཅིག་བདེ་འཇགས་མཉམ་ལས་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་བཞི་ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་པུའུ་དང་རྒྱལ་ཁབ་ཉི་ཤུ་ལྷག་གི་བདེ་འཇགས་ལས་ཁུངས་བར་གྱི་རྒྱུད་གཅིག་ལམ་གཅིག་བདེ་འཇགས་མཉམ་ལས་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡིས་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་ཐུག་འཕྲད་བྱས་པ་དང་། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཀྲང་གོ་ཧྲིན་ཁུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

མིན་ཅན་ཀྲུའུ་ཡིས་བཤད་རྒྱུར། ལོ་གསུམ་ལྷག་གི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཟེངས་བསྟོད་ཐོབ་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་དེའི་ཁྲོད་དུ་ཞུགས་ནས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རྨང་གཞི་འཛུགས་སྐྲུན་སོགས་མཉམ་ལས་ལ་ཤུགས་བསྣན། མི་འགྱངས་པར་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དང་དེ་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱལ་ཁབ་སོ་སོ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་ཐད་ལ་མཉམ་གྲོས་མཉམ་སྐྲུན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་རྒྱལ་ཁབ་སོ་སོའི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱས་ནས། རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

གོ་ཧྲིན་ཁུན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཕྱོགས་སོ་སོས་ཐུན་མོང་བདེ་འཇགས་དང་མཉམ་ལས་བདེ་འཇགས་ཀྱི་འདུ་ཤེས་ཆགས་པར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་བདེ་འཇགས་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མཉམ་ལས་ཀྱི་ཐོན་ཁུངས་དང་སྦས་ཤུགས་སྔོན་འདོན་བྱེད་པ་དང་། ཤུགས་ཆེན་པོས་འཇིགས་སྐུལ་པར་ངོ་རྒོལ་བྱེད་པ་དང་ཕྱི་རྒྱལ་གྱི་ཁེ་ཕན་སྲུང་སྐྱོབ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་སོགས་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་མུ་མཐུད་དུ་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོས་བཤད་རྒྱུར། ཀྲུང་གོ་ཕྱོགས་དང་མཉམ་དུ་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།