ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བཙུགས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་ཚན་རིག་སྤྱི་ཚོགས་གླིང་བཙུགས་ཏེ་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་བ་སྒྲུབ་མཁན་རྣམས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་བཞི་བཅུའི་རིང་ལ། ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གིས་དུས་རབས་དང་མཉམ་དུ་མདུན་སྐྱོད་དང་། མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཀྱི་གཡུལ་ས་ཧུར་ཐག་གིས་བསྐྲུན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་ལ་ཞབས་འདེགས་ཞུ་བའི་བསམ་བློའི་མཛོད་ཀྱི་ནུས་པ་འདོན་སྤེལ་བྱས་ལ། རྒྱུན་ཆད་མེད་པར་གྲུབ་འབྲས་ཆེན་པོ་བླངས་པ་དང་འཇོན་མི་སྐྱེད་སྲིང་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གཏོང་བ་དང་། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་གོང་འཕེལ་དུ་གཏོང་བ་ནི། གཞུང་ལུགས་དང་ལག་ལེན་གཉིས་ཐད་ཀྱི་འཚོལ་ཞིབ་ཡིན་པས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་བློ་མཐུན་རྣམས་དང་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་གོང་འཕེལ་དུ་གཏོང་བར་དམ་དུ་དམིགས་ནས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་ཆེད་དུ་རིག་གནས་བྱ་བ་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། གནའ་དེང་འགྱུར་ལྡོག་བློས་དཔོག་པ། བསམ་བློའི་སྔོན་ཐོན་གྱི་འབོད་སྒྲ་སྒྲོག་པ། ཀྲུང་གོའི་རིག་གཞུང་དར་རྒྱས་སུ་གཏོང་བ། ཀྲུང་གོའི་གཞུང་ལུགས་འཕེལ་རྒྱས་སུ་གཏོང་བ། ཀྲུང་གོའི་བསམ་བློ་བརྒྱུད་སྒྲོག་བྱེད་པ་བཅས་བྱས་ཏེ། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཧུར་ཐག་གིས་གོང་འཕེལ་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་པ། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྒྱལ་སྤྱིའི་ཤན་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།