ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡༡༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། པེ་ཅིང་དུ་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་སྤྱི་བདེའི་འཐབ་ཕྱོགས་སུ་གནས་པའི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་དཔུང་ཁག་གིས་སྤྱི་བདེའི་ལས་དོན་ལ་ཏང་གིས་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་འཆང་བ་དང་། མི་དམངས་ཀྱི་སྤྱི་བདེས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པོ་སྲུང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་མཇལ་འཕྲད་ལ་ཕེབས་ཡོད་པ་རེད།

ཉིན་དེའི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་དང་། རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་བྱས་རྗེས་འཇོག་མཁན་མཉམ་སྡེབ་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིའི་དམག་ཆས་གྲལ་སྒྲིག་པ་དང་། སྙིང་སྟོབས་ཆེར་སྐྱེད། བྲང་ཁོག་མདུན་གྱི་གཟི་བརྗིད་གཟེངས་རྟགས་དང་མེ་ཏོག་དམར་པོ་དེ་བས་མངོན་གསལ་དོད་པོ་ཡོད། ཆུ་ཚོད་9དང་སྐར་མ་སུམ་ཅུར་ཞི་ཅིན་ཕིང་སོགས་གསེར་མདོག་ཚོམས་ཆེན་དུ་ཕེབས་འཕྲལ་ཚོགས་ར་ཡོངས་སུ་ཡུན་རིང་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་སོགས་འཐུས་མིའི་ཁྲོད་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་ཕྱག་བཏང་གནང་བ་མ་ཟད། ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཞི་ཅིན་ཕིང་གིས་དང་ཐོག་ད་ཐེངས་ཀྱི་ཚོགས་འདུ་ནི་རྒྱལ་ཡོངས་སྤྱི་བདེའི་འཐབ་ཕྱོགས་ཀྱི་དཔའ་བོ་ལྷན་འཛོམས་ཀྱི་ཚོགས་ཆེན་ཞིག་ཡིན་པས་ཚང་མ་སྙིང་སྟོབས་རབ་འཕེལ་དང་དཔའ་ངར་ཆེན་པོ་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཚང་མས་རང་སོ་སོའི་ལས་གནས་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་བཞག་པ་དེ་ནི་རྒྱལ་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་སློབ་སྦྱོང་གི་མིག་དཔེ་རེད་ལ། སྤྱི་ཚོགས་ཡོངས་ཀྱིས་གོང་དུ་བཀུར་བའི་དཔའ་བོ་དཔེ་བཟང་ཡང་རེད། ད་ཐེངས་གཟེངས་བསྟོད་བྱས་པ་དེས་བརྗོད་དོན་གཙོ་བོ་དར་སྤེལ་དང་། སྲོལ་བཟང་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤེལ་བཅས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་དཔུང་ཁག་གིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་གལ་ཆེན་སྔར་བས་ལེགས་པའི་ངང་སྒྲུབ་པར་ལྕག་སྐུལ་ཐེབས་ནས་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་སྤྱི་བདེའི་དཔུང་ཁག་ནི་གཟི་བརྗིད་ཀྱི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ལྡན་པའི་དཔུང་ཁག་ཅིག་རེད་ལ། དཔའ་བོ་རིམ་བྱུང་དང་སྤྱོད་བཟང་རབ་སྤེལ་གྱི་དཔུང་ཁག་ཅིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བསྟར་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་བདེའི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་བས། རྒྱལ་ཁ་ཡང་ནས་ཡང་དུ་ཐོབ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། སྤྱི་བདེའི་དཔུང་སྡེས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ནས་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། ལས་འགན་ནན་ཏན་སྒྲུབ་པ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱིས་དཔའ་བོ་དཔེ་བཟང་འབོར་ཆེན་ཞིག་ཐོན་པས་ཁྱེད་ཚོ་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཁྱེད་ཚོའི་ཁྲོད་ནས་ལ་ལས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགག་རྩའི་དུས་སྐབས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་ཕྱིར་དོན་པ་དང་གདོང་མཆོང་བྱས་པ་དང་། ལ་ལས་བདེ་འཇགས་འགན་ལེན་གྱི་ལས་འགན་གལ་ཆེན་སྒྲུབ་སྐབས་ངལ་དུབ་ལ་མ་སྐྲག་པར་བསྟུད་མར་འབད་འཐབ་བྱས་པ། ལ་ལས་ཡུན་རིང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་མིང་མེད་དཔའ་བོ་བྱས་པ། ལ་ལས་ལས་གནས་དཀྱུས་མའི་ཐོག་དཀའ་སྤྱད་འབད་འབུངས་བྱས་ནས“གཅུས་གཟེར་ལྟ་བུའི་ནུས་པ”འདོན་སྤེལ་ཡག་པོ་བྱས་ཏེ་ཚང་མས་དཀའ་སྤྱད་རྔུལ་ཆུ་བཏོན་པ་དང་ཐ་ན་རྩ་ཆེའི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་ལ་མི་བཤིག་རྡོ་རྗེ་ལྟར་གྱི་ཟངས་གྱང་ལྕགས་རྩིག་བསྐྲུན་ཡོད། ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁྲག་བཏོན་སྲོག་འདོར་བྱས་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་ལྷིང་འཇགས་དང་བདེ་སྐྱིད་བྱུང་ཡོད། ཁྱེད་ཚོ་ནི་ངོ་གནོང་མི་དགོས་པའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སྲུང་དམག་ཡིན་པས། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་སྤྱི་ཚོགས་ལ་སྲོལ་བཟང་ཡོད་ཚེ་མི་རིགས་ལ་གསོན་ཤུགས་འཕེལ་བ་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་ཐུབ། ཞི་བདེའི་ལོ་རབས་ནང་སྤྱི་བདེ་དཔུང་ཁག་ནི་བློས་གཏོང་མང་ཤོས་དང་ལེགས་སྐྱེས་ཆེ་ཤོས་འབུལ་མཁན་གྱི་དཔུང་ཁག་ཅིག་ཡིན་པས་ཚང་མར་དུས་ཆེན་དང་ངལ་གསོའི་ཉིན་མོ་མེད་པས་སྤྱིར་ན་དུས་དང་རྣམ་པ་ཀུན་ཏུ་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད། ལོ་དེ་དག་རིང་རྟག་ཏུ་སྤྱི་བདེ་མི་དམངས་ཉེན་རྟོག་པས་རང་སྲོག་ཤོར་བར་མ་འཛེམས་པའི་མི་སེམས་འགུལ་བའི་བྱས་རྗེས་བཞག་པ་མཐོང་སྐབས་ང་ལ་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག རྟག་ཏུ་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ཤི་གསོན་ལ་ཐུག་པའི་ཚོད་བགམ་གྱི་མདུན་དུ་རང་སྲོག་བློས་གཏོང་བྱེད་པའི་གནས་ཚུལ་ཐོས་སྐབས་ང་སེམས་ཧ་ཅང་སྐྱོ་པོ་ཡོང་གི་འདུག རྒྱ་ཆེའི་སྤྱི་བདེའི་དཔའ་བོ་དཔེ་བཟང་གི་ལུས་ནས་མངོན་པའི་ལྷག་བསམ་ཟོལ་མེད་ཀྱི་དད་སེམས་དང་། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས། དཔའ་བོའི་ཉམས་འགྱུར་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ཀྱི་མཚོན་ཚུལ་ངོ་མ་རེད། ངས་ཐོག་བརྩེགས་ཁང་ཆེན་རང་རྒྱལ་གྱི་ས་གཞི་ཆེ་མོའི་གང་སར་ཁྱབ་པའི་སྐབས་སུ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཁང་ཆེན་ཡང་འགྱིང་ངེར་གནས་པ་བྱེད་དགོས་ཞེས་ཤོད་མྱོང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་མིག་སྔར་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོས་སྤྱི་ཚོགས་ཧྲིལ་པོར་སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་འབད་འཐབ་བྱེད་པའི་གཟི་འོད་འཕྲོ་བའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་དཔུང་ཁག་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་འོས་འགན་སྒྲུབ་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོར་འཛུགས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྲུང་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་ཉེན་རྟོག་ལས་དོན་ནན་པོས་སྐྱོང་བའི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་བདེའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པར་ཐུགས་ཁུར་དང་དགའ་གཅེས། ཕྱོགས་བསྡུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་བཅས་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།