ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ལོ་ཉི་ཤུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཀྲང་ཏི་ཅང་གིས་ཚོགས་ཐོག་ནས་གསུངས་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ལོ་ཉི་ཤུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚོགས་འདུའི་སྟེང་གསུངས་བཤད་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་དང་ཡང་དག་པར་ལག་བསྟར་མཐའ་འཁྱོལ་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རླབས་ཆེན་ལག་ལེན་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཏི་ཅང་གིས་བསྟན་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ནི་རླབས་ཆེན་དུས་རབས་ཀྱི་སྤྱིར་བཏང་མིན་ལ། དེའི་ནང་དུ་རྒྱ་ཆེའི་ཞང་ཀང་སྤུན་ཟླ་དང་བཅས་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་འདོད་བློ་འདུ་ཡོད་པ་དང་། ཚེ་སྲོག་གི་གསོན་ཤུགས་ཆེན་པོ་མངོན་པར་མཚོན་ཡོད་ལ། དེ་ནི་རྒྱལ་ཁབ་དང་ཞང་ཀང་གི་དོན་དངོས་དང་མཐུན་ཞིང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རླབས་ཆེན་ལས་དོན་ཐད་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པ་དང་། ལག་ལེན་གྱི་ཚོད་བགམ་ཐེག་ཐུབ་པའི་བཅའ་ཁྲིམས་བཟང་པོ་ཞིག་ཡིན་ཟེར།

ཀྲང་ཏི་ཅང་གིས་བསྟན་དོན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མཚོན་བྱེད་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཡིན་པས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་དང་ཡང་དག་པར་ལག་བསྟར་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པར་འབྲེལ་བའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རྩའི་བཅའ་ཁྲིམས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན་ནས་གཞི་རྩའི་བཅའ་ཁྲིམས་ཀྱི་གཞུང་ལུགས་མ་ལག་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།