ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་འཇིགས་སྐུལ་འཇབ་རྒོལ་་ཐེབས་པའི་སྐོར་ནས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་སེ་ཞི་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཚེས་ཉེར་དྲུག་ཉིན་ཨེ་ཅིབ་མེན་ཡ་ཞིང་ཆེན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་སྟབས་མ་ལེགས་པར་ཚེ་ལས་འདས་པའི་མི་སྣར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། ཙུང་ཐུང་སེ་ཞི་དང་ཚེ་འདས་ཀྱི་ཁྱིམ་མི། རྨས་མ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་མཐའ་དག་གི་འཇིགས་སྐུལ་རིང་ལུགས་ལ་རྦད་ཆོད་སྒོས་ངོ་རྒོལ་བྱེད་ཀྱིན་ཡོད་ལ། གདུག་རྩུབ་ཆེ་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་ཁ་རྡུང་དྲག་པོ་བཏང་བ་ཡིན། ཀྲུང་གོས་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་འབད་བརྩོན་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

ཚེས་ཉེར་དྲུག་ཉིན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་མེན་ཡ་ཞིང་ཆེན་ནས་རླངས་འཁོར་རུ་ཁག་ཅིག་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པ་སྐོར་ཞིག་གིས་མེ་མདས་བརྒྱབ་ནས་མི་ཉེར་བརྒྱད་བསད་པ་དང་གཞན་མི་ཉི་ཤུ་ལྷག་ལ་རྨས་ཕོག་པའི་དོན་རྐྱེན་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། མེན་ཡ་ཞིང་ཆེན་གྱི་རླངས་འཁོར་རུ་ཁག་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེབས་པར་ཁ་རྡུང་དྲག་པོ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།