ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་བ་ཟབ་མོས་རང་ཉིད་དང་ཀྲུང་གོའི་གཏམ་རྒྱུད་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་ཉིད་ངོ་མ་ཞུགས་མྱོང་བའི་ཀྲུང་གོའི་གཏམ་རྒྱུད་བརྗོད་ཀྱིན་རྒྱ་ཡིག་གིས་འབྱུང་འགྱུར་གྱི་ལང་ཚོའི་ཕུགས་བསམ་གྱི་འོད་མདངས་འཚེར་བར་བྱ་རྒྱུ་སེམས་ལ་བཅངས་པའི་འཇར་མན་མཐོ་སློབ་ཀྱི་ན་གཞོན་སློབ་མ་12ཚེས་21ཉིན་ཧྥ་ལན་ཁེ་ཕུ་རྒྱལ་སྤྱིའི་ཟློས་གར་ཁང་གི་གར་སྟེགས་ཐོག་འཛེགས་ནས་ཀྲུང་གོའི་སྐབས16པའི“རྒྱ་ཡིག་འབྲེལ་ཟམ”འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་གྱི་བསྐྱར་བསྡུར་དང་མཐའ་བསྡུར་གྱི་འཇར་མན་ས་ཁུལ་གྱི་མིང་སྐལ་གཅིག་རག་ཐབས་བྱ་རྒྱུ་དེ་ཡིན་པ་རེད།ལོ་གཅིག་དུས་གཅིག་གི“རྒྱ་ཡིག་འབྲེལ་ཟམ”འགྲན་བསྡུར་དེ་ནི་རྒྱ་ཡིག་རྩལ་ནུས་ཀྱི་འགྲན་བསྡུར་ཞིག་ལས་རྒྱ་ཡིག་བརྗོད་བྱར་བྱས་པའི་དགའ་སྤྲོའི་འདུ་འཛོམས་ཤིག་རེད་ཅེས་བརྗོད་ན་དེ་བས་འཚམ།གཏམ་བཤད་བྱེད་རིང་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚང་མས་སློབ་སྐྱོར་དང་། ཕྱི་སྦྱོང་། ཡུལ་སྐོར་སོགས་རང་ཉིད་དང་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་ལས་འཕྲོ་བརྩེ་བ་ཟབ་མོས་བརྗོད་པ་རྣམས་ནང་དོན་ཕུན་སུམ་ཚོགས་ཤིང་སེམས་འགུལ་ཐེབས་འོས་པ་ཞིག་ཡོད།“ཡུན་ནན་ལིའུ་ཁུའུ་ནི་ངའི་ཕ་ཡུལ་གཉིས་པ་ཡིན”ཞེས་ལོ24སླེབས་པའི་འཇར་མན་གྱི་བུ་མོ་ལི་པ་ན·ཚེ་ཨེན་གྱིས་གཏམ་བཤད་བྱེད་སྐབས་དེ་ལྟར་བཤད།འཇར་མན་གྱི་བུ་མོ་དེར“ལི་པན་ན”ཞེས་པའི་རྒྱ་ཡིག་གི་མིང་སྙན་པོ་ཞིག་བཏགས་ཡོད་ཅིང་། “པན་ན”ནི་ཀྲུང་གོའི་ཡུན་ནན་གྱི་ཤིས་ཧྲོང་པན་ནའི་དོན་ཡིན། ཁོང་དེ་སྔ་ཡུན་ནན་ཞིང་ཆེན་གྱི་ཐག་རིང་ལུང་ཁུག་ལིའུ་ཁུའུ་གྲོང་རྡལ་གྱི་ཕྲུ་གུ་རྣམས་ལ་དབྱིན་ཡིག་སློབ་པའི་སློབ་སྐྱོར་ལོ་གཅིག་བྱེད་པར་འགྲོ་མྱོང་།“ཡུལ་མི་རྣམས་སེམས་པ་བཟང་ཞིང་སེམས་རྩ་འཁོལ་བས་ང་ཧ་ཅང་སྐྱིད་པོ་བྱུང་། དུས་དེ་ནས་བཟུང་ལིའུ་ཁུའུ་གྲོང་རྡལ་ངའི‘ཀྲུང་གོའི་ཁྱིམ’ལ་གྱུར་སོང”ཞེས་ཚེ་ཨེན་གྱིས་དགའ་ཚོར་ཆེན་པོས་དྲན་གསོ་བྱེད་བཞིན་དུ་བཤད།ཚེ་ཨེན་གྱིས་ད་དུང་ཕ་མ་ཡུན་ནན་དུ་འབོད་ཡོད། “ངས་ཁོང་རྣམ་གཉིས་ལ་ངའི‘ཀྲུང་གོའི་ཁྱིམ’ངོ་སྤྲོད་བྱས་པ་ཡིན། ཕ་མ་གཉིས་པོ‘ཀྲུང་གོའི་ཁྱིམ’དུ་སླེབས་རྗེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཤོད་ཀྱི་ཡོད་པ་དང་ད་ཆ་ཚེ་ཨེན་གྱི་ནང་མིའང“ཀྲུང་གོར་དགའ་པོ་བྱེད་མཁན”ཞིག་ལ་གྱུར་ཡོད།འགྲན་བསྡུར་ནང་ཞུགས་མཁན་ལིན་ཏ·ཧྥུའར་སེ་ཐེས་གཏམ་བཤད་བྱེད་རིང་གསན་པ་པོར་ཁོང་གིས་ཀྲུང་གོའི“ཁྱིམ་ཚང”རིག་གནས་ཐེངས་དང་པོ་མྱོང་ཚོར་ཐུབ་པ་མཉམ་སྤྱོད་བྱས་ཡོད། “ངའི་ཀྲུང་གོའི་ཨ་མ་ལགས་ཀྱིས་ཡུལ་སྐད་བསྐྱོན་སྐབས་ངས་སྦྱངས་པའི་སྤྱི་སྐད་རྣམས་གོ་ཆོད་མེད་པར་གྱུར་སོང”ཞེས་ཀྲུང་གོ་ནས་ཡིན་པའི་དགའ་རོགས་ཀྱི་ཨ་མ་དང་གཏམ་གླེང་བྱེད་སྐབས་ཀྱི་དགོད་བྲོ་བའི་གནས་ཚུལ་ཁོང་གིས་དེ་ལྟར་བཤད།“རྒྱ་ཡིག་འབྲེལ་ཟམ”གྱི་གར་སྟེགས་ཐོག་བདམས་ཐོན་པ་ཚོར་ཐུན་མོང་གི་ངོས་འཛིན་ཞིག་བྱུང་བ་འདི་ལྟ་སྟེ། རྒྱ་ཡིག་གིས་ཁོང་ཚོར་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྒོ་མོ་ཕྱེ་བ་དང་། སྒོ་མོ་དེའང་ཁོང་ཚོས་རྒྱ་ཡིག་ཡག་པོ་སྦྱོང་བའི་སྒུལ་ཤུགས་ལ་གྱུར་ཡོད།མཐར་མོ་ཉི་ཧེའི་བཟོ་ལས་སློབ་ཆེན་གློག་རྡུལ་དང་ཆ་འཕྲིན་ལས་གྲྭའི་ཆེད་ལས་ཀྱི་པེ་མ་ཧ་ཏེ·ཧེ་ཕུའུ་ནར་ཨང་དང་པོ་ཐོབ་ནས་འཇར་མན་སློབ་ཆེན་སློབ་མའི་ཚབ་བྱས་ཏེ་ཀྲུང་གོར་འགྲན་བསྡུར་ནང་ཞུགས་པར་འགྲོ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།