ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱི་ཀྲུའུ་ཞི་དབྱིན་ཧྥན་ཏིས་ནོ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见国际足联主席因凡蒂诺.jpg

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱི་ཀྲུའུ་ཞི་དབྱིན་ཧྥན་ཏིས་ནོ་ལ་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱི་ཀྲུའུ་ཞི་དབྱིན་ཧྥན་ཏིས་ནོ་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་གསུང་རྒྱུར། ལུས་རྩལ་གྱི་རྒྱལ་ཁབ་ཆེན་པོ་དང་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོའི་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་སྲིད་གཞུང་གིས་རྐང་རྩེད་སྤོ་ལོ་ལས་འགུལ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། མུ་མཐུད་དུ་དེར་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྐང་རྩེད་སྤོ་ལོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་སྤྱིའི་ཇུས་གཞི་གཏན་འཁེལ་བྱེད་པ་དང་། བཅོས་སྒྱུར་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་བཞིན་ཡོད་ལ། ང་ཚོས་སྤྱི་ཚོགས་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རིག་གནས་སྐྱེད་སྲིང་བྱེད་པ་དང་། རྐང་རྩེད་སྤོ་ལོའི་དོ་དམ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། འཛམ་གླིང་གི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཆེད་ལས་ནུས་མཐོའི་རྩ་འཛུགས་དོ་དམ་མ་ལག་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་རྐང་རྩེད་སྤོ་ལོའི་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་དབྱིན་ཧྥན་ཏིས་ནོ་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱི་ཀྲུའུ་ཞིའི་འགན་འཁུར་རྗེས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྐང་རྩེད་སྤོ་ལོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་རྐང་རྩེད་ལས་དོན་ལ་མཐོང་ཆེན་བྱེད་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་རྒྱུ་དང་། འཛམ་གླིང་རྐང་རྩེད་སྤོ་ལོ་ལས་འགུལ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་ནན་གྱིས་བསྟན།

དབྱིན་ཧྥན་ཏིས་ནོ་ཡིས་བཤད་རྒྱུར། ཀྲུང་གོའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་སུ་གཏོང་བ་དེ་འཛམ་གླིང་གི་རྐང་རྩེད་སྤོ་ལོར་མཚོན་ན་དོན་སྙིང་གལ་ཆེན་ལྡན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱིས་ཀྲུང་གོ་སྲིད་གཞུང་གིས་རྐང་རྩེད་སྤོ་ལོ་ལས་དོན་ལ་མཐོང་ཆེན་བྱས་པ་དང་། རྐང་རྩེད་སྤོ་ལོ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ། དམངས་ཡོངས་ཀྱི་རྐང་རྩེད་སྤོ་ལོ་ལས་འགུལ་ཁྱབ་གདལ་བཏང་བར་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་དང་འཛམ་གླིང་གི་རྐང་རྩེད་སྤོ་ལོ་ལས་དོན་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིག་ཡན་ཏུང་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།